འཇམ་དཔལ་མཚན་བརྗོད་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་། འཕྲུལ་དེབ་ཕབ་ལེན།
གཤམ་གསལ་དྲྭ་ཐག་ལ་བསྣན་ན་༼འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་གི་དཀར་ཆག་༽ལྟ་ཀློག་དང་ཕབ་ལེན་གནང་ཐུབ།
གཤམ་གསལ་དྲྭ་ཐག་ལ་བསྣན་ན་༼འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་གི་གཞུང་དངོས་༽ལྟ་ཀློག་དང་ཕབ་ལེན་གནང་ཐུབ།
སྔོན་གླེང་།
རྒྱལ་བ་ཀུན་གྱི་ཡེ་ཤེས་ཕུང་པོ་ཉིད། །དམར་སེར་གཞོན་ནུའི་སྐུ་ཅན་ཤེས་རབ་ལྷ། །
འཇམ་དཔལ་དབྱངས་ཞེས་མཚན་ལྡན་གང་དེ་ཡིས། །ཤིས་པའི་མེ་ཏོག་ཆར་རྒྱུན་དེང་འདིར་སྩོལ། །
བལྟ་བར་མི་བཟོད་འཇིགས་རུང་ཁྲོ་བོའི་སྐུ། །མཚན་ཙམ་སྨོས་པས་བདུད་དགྲ་ཟིལ་གྱིས་གནོན། །
གང་ཐུགས་སྟོང་ཉིད་སྙིང་རྗེའི་རང་མདངས་ཅན། །གསང་བདག་ལག་ན་རྡོ་རྗེས་སྲུངས་ཤིག་ཀྱེ། །
ད་རེས་སྐབས་སུ་བབ་པ་ནི། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་དྲུག་པ་གང་གིས་གསར་དུ་མཛད་པའི་༼འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་ཚོགས་གཉིས་ལམ་བཟང་༽ཞེས་བྱ་བར་གླེང་བརྗོད་ཅིག་ཕྲན་ཆུང་ལ་ཕྲིས་ཤིག་ཅེས་བཀའ་ནན་ཕེབས་པར་དེ་མ་ཐག་དགའ་བས་དང་དུ་བླངས། འོན་ཀྱང་མནོ་བསམ་དལ་གྱིས་གཏོང་བའི་ཚེ་ན། དེང་སྐབས་དེབ་ཀྱི་གླེང་བརྗོད་ནི་མཁས་པའི་མཚན་དང་ཆོ་ལོ་ཅན་དག་གིས་འབྲི་བ་ཞིག་ལས། ཁོ་བོ་ལྟ་བུ་བ་གླང་མི་ཡི་ཤ་ཚུགས་ཅན་ཞིག་གི་འོས་མ་ལགས་ཤིང་། མ་ཟད་མཁས་པས་ཁྲེལ་ཞིང་དམ་པས་སྨད་པའི་རྒྱུ་ཁོ་ནར་འགྲོ་བ་གོར་མ་ཆག་མོད། བསྟན་བཅོས་འདིའི་མགོ་མཇུག་བར་གསུམ་དུ་ཕྲན་ཆུང་རང་དང་འབྲེལ་བ་ཡོད་པ་དང་གཅིག །རིན་པོ་ཆེས་བཀའ་ཡིས་གནང་བ་བསྩལ་བ་དང་གཉིས་ལ་བརྟེན་ནས་རྟེན་འབྲེལ་དུ་བརྩིས་ཏེ་ས་བཅད་མ་སྟོངས་ཙམ་ཞིག་བྲི་བར་བྱ་བའི་འདུན་པ་བརྟས་སོ།།
ཀ་༽
དེ་ཡང་། གཞུང་ལུགས་ཚད་ལྡན་དག་ལས་བསྟན་བཅོས་རྩོམ་པ་ལ་རྒྱུ་གསུམ་ཚང་དགོས་པར་གསུངས་པ་ལྟར། སྤྱིར་འབྲོང་ངུར་ཆོས་རྗེ་གང་ནི། ངེས་དོན་དུ་བཤད་ན། རྒྱལ་བ་ཀུན་གྱི་གསང་བ་སྔགས་ཀྱི་བཀའ་ཡི་སྡུད་པ་པོ་གསང་བདག་ལག་ན་རྡོ་རྗེ་དེ་ཉིད་མི་ཡི་གར་དུ་བྱོན་པ་ཡིན་པར་མདོ་ཁམས་ནགས་ཤོད་བསྟན་པའི་སྒྲོན་མེ་ཁྱབ་བདག་སྟག་ཕུ་གར་གྱི་དབང་ཕྱུག་སོགས་ཀྱིས་ལན་གཅིག་མིན་པར་གསུངས་ཤིང་། ཐུན་མོང་དུ་ཡང་། འབྲོང་ངུར་ཆོས་རྗེ་བཅུ་དྲུག་པ་གང་ཉིད་ནི། སྔ་འགྱུར་ཆོས་ཀྱི་གདན་ས་ཆེན་མོ་རྣམ་གྲོལ་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་མདོ་སྔགས་རིག་པའི་གནས་མཐའ་དག་ལ་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་ཚུལ་བཞིན་གནང་སྟེ། གཞུང་ལུགས་སྤྱི་ལ་གོ་རྟོགས་ཟབ་མོར་མངའ་ཞིང་། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པ་དང་། ལྷག་དོན་དུ། བསྟན་འགྱུར་ནང་བཞུགས་པའི་འཇམ་དཔལ་མཚན་བརྗོད་ཀྱི་རྒྱ་འགྲེལ་ཉེར་གཉིས་པོ་དག་ལ་གཟིགས་ཞིབ་ཀྱིས་འགྲེལ་པ་འདི་ཉིད་མཛད་པ་ཡིན་པས། བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཕུན་སུམ་ཚོགས་ཤིང་། ཕྱི་ནང་གི་རྟེན་འབྲེལ་བླ་ན་མེད་པ་ཞིག་མ་བསྒྲིགས་རང་འགྲིགས་ཡིན་པར་མགྲིན་པ་བཏེགས་ནས་སྨྲ་སྤོབས་སོ།།
ཁ་༽
སྤྱིར་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ལ་བསྟན་འགྱུར་ཁྲོད་རྒྱ་གཞུང་ཉེར་གཉིས་བཞུགས་ཡོད་ཀྱང་། སྤྱན་དཀྱུས་རིང་བའི་མཁས་པ་མང་པོ་ཞིག་རྒྱ་གར་གྱི་སློབ་དཔོན་དག་གི་འགྲེལ་པ་ཡོངས་རྫོགས་ལྟ་ཁོམ་མེད་པ་དང་། དེ་དག་ལ་བལྟས་ཀྱང་གོ་བ་ཆེར་མི་ལོན་པའི་དང་པོའི་ལས་ཅན་རྣམས་ལ་ཆེད་དུ་དམིགས་ནས། རྒྱ་འགྲེལ་དེ་དག་གཞིར་བཟུང་འགྲེལ་ཆེན་འདི་ཉིད་བརྩམས་ཤིང་། རྒྱ་འགྲེལ་གོ་དཀའ་བ་རྣམས་ཚིག་དོན་གཉིས་ཐད་ནས་གོ་བདེ་བར་མཛད་པ་དང་། འགྲེལ་པ་རྒྱས་བསྡུས་འཚམས་པ། རང་སྣང་གང་ཤར་མིན་པར་ཚིག་ཟུར་རེའང་ཞིབ་མོར་དཔྱད་ཅིང་ཚད་ལྡན་སློབ་དཔོན་དག་གི་གསུང་ཉིད་ལ་ཁུངས་གཏུགས་པ། གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཡན་ལག་ཏུ་གཞུང་དོན་དང་རྗེས་སུ་མཐུན་པའི་ས་བཅད་གསར་དུ་བསྣན་པ། དེ་ཡང་རྩ་བའི་ལེའུ་བཅུ་བཞི་བཞུགས་ཡོད་པར་ནང་གསེས་ས་བཅད་འཇོག་སྟངས་ཚུན་ཆད་ཐུན་མོང་མ་ཡིན་པའི་ལེགས་བཤད་རྨད་དུ་བྱུང་བ། ས་བཅད་རེ་རེར་བསྡུས་དོན་དང་ཚིག་དོན་གཉིས་རེ་སྦྲགས་མར་བཀོད་གནང་བ། ས་བཅད་ཀྱིས་སྐབས་སུ་བབ་པའི་གཞུང་དོན་གཙོ་བོ་བློར་ངེས་སུ་འཇུག་པ། བསྡུས་དོན་གྱིས་སྐབས་སུ་བབ་པའི་གཞུང་གི་སྤྱི་ཁོག་བློར་ངེས་སུ་འཇུག་པ། ཚིག་དོན་གྱིས་སྐབས་སུ་བབ་པའི་གཞུང་གི་ཚིག་འབྲུ་རེ་རེ་བཞིན་བསྟན་དོན་ཆད་ལྷག་འགལ་འཁྲུལ་མེད་པར་བློར་ངེས་སུ་འཇུག་པ་སོགས་དམིགས་བསལ་གྱི་ཁྱད་ཆོས་དུ་མས་བརྒྱན་པར་སྣང་ངོ་།།
ག་༽
དེ་ཡང་། རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་སློབ་ཚན་གྱི་ངོ་བོའི་ཐོག་ནས་བསླབ་དགོས་གསུངས་པ་ལྟར། རིན་པོ་ཆེ་ཁོང་གིས་རྒྱ་འགྲེལ་ཁོ་ནར་ཁུངས་གཏུགས་པ་འདིས། བཀའ་བཞིན་སྒྲུབ་པའི་མཆོད་པ་དང་འབྲེལ་འཛམ་གླིང་གང་སར་བཞུགས་པའི་བོད་བརྒྱུད་གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་ཀྱིས་རྒྱ་གཞུང་ལྟ་བའི་མིག་ལྟོས་བཟང་པོ་ཞིག་བསྐྲུན་ཏོ།།
ང་༽
རྒྱ་གར་གྱི་སློབ་དཔོན་ཆེན་པོ་དག་གིས་མཚན་བརྗོད་འགྲེལ་ཚུལ་ལ། རྒྱུད་སྡེ་འོག་མ་ལྟར་དུ་བཀྲལ་བ་དང་། གོང་མ་ལྟར་དུ་བཀྲལ་བ། དམིགས་བསལ་དུས་འཁོར་ལྟར་དུ་བཀྲལ་བ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ལྟར་དུ་བཀྲལ་བ་སོགས་དུ་མ་ཞིག་ཡོད་པ་ལས། འདིར་སྐབས་སུ་བབ་པ་དངོས་བསྟན་རྒྱུད་ཀྱི་ཚིག་ཟིན་གཙོ་བོར་བཟུང་སྟེ་འགྲེལ་གནང་ཚུལ་བསྟན་བཅོས་འདིའི་གཤམ་དུ། འགྲེལ་པ་འདི་ཉིད་ཇི་ལྟར་བརྩམས་པའི་འགྲེལ་པའི་མཇུག་བྱང་བཤད་པ། ཞེས་པའི་ནང་གསེས་ས་བཅད་བཞིའི་ནང་གསལ་པོར་བྲིས་འདུག་པས་དེ་ཉིད་ངེས་པར་དུ་བལྟ་བར་བྱའོ།།
མདོར་ན། མཚན་བརྗོད་རྒྱ་ཆེར་འགྲེལ་འདི་ཉིད་ལ་གཟིགས་ཞིབ་ཚུལ་བཞིན་གནང་ན་རྒྱ་གཞུང་ཆེན་མོ་དེ་དག་མ་ལུས་བལྟས་པ་དང་ཁྱད་པར་མེད་ཅིང་། ཚིག་དོན་གང་གི་ཆ་ནས་ཀྱང་དཀའ་བའི་གནད་རྣམས་དུས་ཡུན་ཐུང་ངུའི་ནང་བདེ་བླག་ཏུ་རྟོགས་ཐུབ་པ་སོགས་ཀྱི་དགེ་མཚན་བརྗོད་ཀྱང་མི་ཚར་བ་ཡོད་པར་སྨྲའོ།།
ཅ་༽
མཐའ་དོན་འདི་ལས་ཐོབ་པའི་དགེ་རྩའི་མཐུ་ལ་བརྟེན་ནས་འབྲེལ་ཐོགས་གཙོས་པའི་སེམས་ཅན་རྣམས་འཇམ་དཔལ་མཚན་བརྗོད་ཀྱི་ཚིག་དོན་མ་ལུས་ཁོང་དུ་ཆུད་ཅིང་། རྗེ་བཙུན་འཇམ་དཔལ་དཔའ་བོ་ལྟ་བུའི་མི་འཕྲོག་པའི་མཁྱེན་རབ་དང་ཏིང་འཛིན་ཟབ་མོ་རྒྱུད་ལ་སྐྱེ་བ་དང་། ཁྱད་པར་དུ། བསམ་པ་བཟང་པོ་བཅོས་མ་ཙམ་སྐྱེས་པ་ཡན་གྱི་རྣམ་དཀར་ཐམས་ཅད་འདི་དང་ལྷན་ཅིག་ཏུ་བསྡོམས་ཏེ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་བསྟན་དང་དེ་འཛིན་ཡོངས་ཀྱི་གཙུག་ནོར་རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་རྒྱུར་གྱུར་ཅིག་གུ
སླར་སྨྲས་པ།
ངོ་བསྟོད་གཅམ་བུའི་གཏམ་གྱི་བྲག་ཅ་དང་། །ཀུན་རྟོག་ངན་པའི་ར་རི་ཡོངས་སྤངས་ཏེ།།
སྨྲས་པ་འདི་ཡིས་མ་རྒན་འགྲོ་བ་ཀུན། །བྱང་ཆེན་རྒྱ་མཚོར་སིམ་པའི་རྒྱུ་རུ་བསྔོ།།
ཞེས་གླེང་བརྗོད་ཀྱི་དོད་ཙམ་དུ་འབྲོང་ངུར་བསྟན་འཛིན་ལམ་བཟང་དུ་འབོད་པས།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༠ ཉིན་གྱི་སྔ་དྲོར་བྲིས་པའོ།།