བྱ་ཚིག་གི་རྣམ་གཞག་ལག་ལེན་བཅུད་བསྡུས་ཆེན་མོ། འཕྲུལ་དེབ་ཕབ་ལེན།
འདིར་བསྣན་ན་༼བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ་༽ཕབ་ལེན་གནང་ཐུབ།
སྔོན་གླེང་།
ཁམས་སྟོད་ནགས་ཤོད་འབྲི་རུའི་ཤག་ཝ་ཐང་འབྲོང་ངུར་དགོན་གྱི་བསྟན་བདག་འབྲོང་ངུར་ཆོས་རྗེ་བཅུ་དྲུག་པ་ངེས་དོན་བསྟན་པའི་རྒྱལ་མཚན་ཞེས་མདོ་སྔགས་རིག་པའི་གནས་སྤྱི་ལ་མཁྱེན་རབ་ཀྱི་རྩལ་རྫོགས་ཤིང་བརྡ་སྤྲོད་རིག་པའི་ཚིག་དོན་གྱི་གནད་ལ་གོ་མྱོང་རྟོགས་གསུམ་གཏིང་ཚུགས་པའི་ཆོས་ཀྱི་སློབ་དཔོན་ཆེན་མོ་དེ་ཉིད་ཀྱིས། གནའ་དེང་བོད་ཀྱི་བརྡ་སྤྲོད་ཡོངས་ཀྱི་ཉིང་ཁུ་བསྡུས་ཤིང་ལག་ལེན་གཏན་ལ་ཕབ་པའི་༼བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ་༽ འདི་ཉིད་དཔར་སྐྲུན་འགྲེམས་སྤེལ་ཐུབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྔོན་འགྲོ་ཚོགས་གསུམ་གྱི་ངོས་འཛིན་ཅུང་ཟད་བཤད་པ་དང་། དངོས་གཞི་ཆིངས་ཆེན་པོ་ལྔ་ཡི་སྒོ་ནས་བྱ་བའི་ཚིག་གི་ཚོགས་རྒྱས་པར་བཤད་པའི་བོད་ཀྱི་སྒྲ་གཞུང་ཆེན་མོ་འདི་ཉིད་ནི། དགག་གཞག་སྤང་གསུམ་གྱིས་འཛིངས་ཤིང་ལག་ལེན་དངོས་ལ་ཕན་ཐོགས་མེད་པའི་ནམ་མཁའ་འདོམ་འཇལ་ལྟ་བུ་མ་ཡིན་པར་ལག་ལེན་དངོས་ལ་འཇུག་ཚུལ་ཞིབ་ཅིང་ཕྲ་བ་ནས་བྲིས་པར་མཛད་འདུག་པས། མཁས་བླུན་ཀུན་ལ་གལ་ཆེ་བའི་བོད་ཀྱི་སྒྲ་གཞུང་སྔར་མེད་ལེགས་བཤད་ཅིག་ཡིན་པར་ངེས།
དེ་ཡང་བོད་ཀྱི་མཁས་པ་སྔ་མ་གང་གིའང་ཕྱོགས་སུ་མ་བཟུང་བར་ལེགས་ཆ་ཐམས་ཅད་བསྡུས་ལ། དངོས་ཡོད་བོད་རང་གི་སྐད་དང་ཡི་གེའི་འགྲོ་སྟངས་གཞིར་བཟུང་རིགས་པའི་ལམ་ནས་དཔྱད་ཅིང་། བོད་ཀྱི་ཡི་གེའི་སྦྱོར་བ་ལག་ལེན་ཐོག་ཀུན་གྱི་མིག་སྔར་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་སྲོག་ཏུ་བྱས་ཏེ། ཕྱོགས་ཡོངས་ནས་སྐད་ཡིག་འབྲི་ཐབས་གཅིག་གྱུར་ཡོད་པའི་བཀའ་བསྟན་སོགས་སྔོན་གྱི་གསུང་རབ་ཁག་ལ་ཁུངས་གཏུགས་ནས་བྲིས་པར་མཛད་པ་སོགས་ཁྱད་ཆོས་དམིགས་བསལ་བ་དུ་མ་ཞིག་མངོན།
སྤྱིར་ན་རིན་པོ་ཆེས་འཁྲིད་ཐབས་དམིགས་བསལ་བ་ཞིག་གི་སྒོ་ནས་སློབ་མ་བརྒྱ་ཕྲག་མང་པོར་བརྡ་སྤྲོད་རིག་པའི་སློབ་ཁྲིད་ཐེངས་མང་མཛད་པས་སློབ་མ་ཚོར་ཕན་འབྲས་ཆེན་པོ་ཐོབ་པ་ཡོངས་སུ་གྲགས་པ་ལྟར། སྤྱི་ལོ་ ༢༠༡༦ ལོར་ནང་རིག་འཆད་ཁྲིད་ཅེས་པའི་སྐད་འཕྲིན་ཚོགས་པའི་ནང་། འཛམ་གླིང་ས་ཕྱོགས་དུ་མ་ནས་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཅན་གྱི་མི་སྣ་ལྔ་བརྒྱ་ཙམ་ཞིག་ལ། རིན་པོ་ཆེ་ཉིད་ཀྱིས་ ༢༠༡༠ ལོར་བརྩམས་པའི་༼བྱ་ཚིག་གི་རྣམ་གཞག་གསལ་བར་བཤད་པ་ལག་ལེན་བཅུད་བསྡུས་༽དེ་ཉིད་དུས་ཡུན་ཟླ་བ་གསུམ་ཙམ་རིང་འཆད་ཁྲིད་གནང་བས་ཕན་འབྲས་ཆེན་པོ་བྱུང་བར་བརྟེན། གང་གི་ཐུན་མོང་མ་ཡིན་པའི་འཆད་ཚུལ་རྨད་དུ་བྱུང་བ་དག་དང་འབྲེལ་ནས་དཀའ་གནད་གསེད་བཀྲོལ་གྱི་མན་ངག་དེ་དག་ཡིག་ཐོག་ཏུ་བྱུང་ན་ཤིན་ཏུ་ལེགས་ཚུལ་ཕྱོགས་དུ་མ་ནས་ཞུ་ནན་བྱུང་བ་དང་། ཕྲན་གྱིས་ཀྱང་ཞུ་སྐུལ་ཡང་ཡང་བྱས་པ་བཅས་ལ་བརྟེན་ནས། ད་རེས་རིན་པོ་ཆེ་ནས་སྐུ་ངལ་འཛེམས་མེད་ཐོག་༼བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ་༽འདི་ཉིད་འབྲི་རྩོམ་གནང་བ་ཞིག་ཡིན།
དེ་ལྟ་བུའི་རྨད་དུ་བྱུང་བའི་གཞུང་འདིའི་རྩོམ་པ་པོ་སྐུ་ན་གཞོན་པའི་སྤྲུལ་སྐུ་མཆོག་ནི། བྱིས་པའི་དུས་ནས་རིས་མེད་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་སྨིན་གྲོལ་དང་གཞུང་ལུགས་རྒྱ་མཚོ་ལྟ་བུར་བསླབས་ཤིང་། ལྷག་པར་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་བརྩེ་བས་རྗེས་སུ་བཟུང་སྟེ་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་བསླབ་པ་མཐར་སོན། ལོ་གསུམ་རིང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་འགན་འཛིན་གྱི་ཕྱག་ལས་ལེགས་པར་གྲུབ་ནས། ད་ཆ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་འཛིན་སྐྱོང་དང་དཔེ་ཁྲིད་དགེ་རྒན། དེ་བཞིན། རྣམ་གྲོལ་གླིང་གྲྭ་ཚང་གི་ཚོགས་གཙོའི་ཐུགས་འགན་བཞེས་ནས་དམ་པའི་ངང་ཚུལ་དགུ་དང་མི་འབྲལ་བར་བཞུགས་བཞིན་པ་དང་། ཞིབ་པར་མཁྱེན་འདོད་ན་ཁོ་བོས་བྲིས་པའི་༼ཚེས་གཉིས་ཟླ་བའི་འོད་ཟེར་༽སོགས་སུ་གསལ་བས་དེར་གཟིགས་པར་ཞུའོ། །བོད་སྐད་ཡིག་རྒྱལ་ལོ།།
འབྲོང་ངུར་ཕོ་ཉས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༦ ལ།
བསམ་ཚུལ་ཕྲིས།