བཟང་སྤྱོད་སྨོན་ལམ་གྱི་འགྲེལ་ཆེན་དོན་གཉིས་ལམ་བཟང་། འཕྲུལ་དེབ་ཕབ་ལེན།

གཤམ་གསལ་དྲྭ་ཐག་ལ་བསྣན་ན་༼བཟང་སྤྱོད་སྨོན་ལམ་གྱི་འགྲེལ་ཆེན་དོན་གཉིས་ལམ་བཟང་༽ལྟ་ཀློག་དང་ཕབ་ལེན་གནང་ཐུབ།

http://drongngurchoje.net/wp-content/uploads/2019/11/03-Body-Page-of-Zang-Chod-Monlam-2015.09.04.pdf

སྤར་བསྐྲུན་སྔོན་གླེང།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་མཆོད་པའི་ཚིག་གིས་རྒྱུད་དག་པར་བགྱིས་ཏེ། འདིར་སྨྲ་འདོད་པ་ནི། མཁས་བཙུན་བཟང་པོའི་བདག་ཉིད་ཆོས་སྨྲ་བའི་སློབ་དཔོན་ཆེན་པོ། རྒྱལ་བ་འབྲོང་ངུར་ཆོས་རྗེའི་སྐུ་ཕྲེང་བཅུ་དྲུག་པ་ངེས་དོན་བསྟན་པའི་རྒྱལ་མཚན་མཆོག་གིས་མཛད་པའི་བཟང་སྤྱོད་སྨོན་ལམ་གྱི་ཚིག་དོན་རྒྱ་ཆེར་འགྲེལ་བ་དོན་གཉིས་ལམ་བཟང་ཞེས་པའི་སྤར་སྐྲུན་སྔོན་གླེང་ཞིག་འབྲི་དགོས་པར་རིན་པོ་ཆེ་གང་ཉིད་ནས་བཀས་བསྐུལ་བར་ལྡོག་མ་ནུས་ཏེ་རང་བློར་གང་འཆར་སྨྲ་བར་བྱ།

རིན་པོ་ཆེ་ནས་མཚོ་རྒྱལ་བཤད་སྒྲུབ་གླིང་གི་འཛིན་སྐྱོང་དང་གཞུང་ལུགས་འཆད་ཁྲིད་ཀྱི་བྱ་བ་ཆུ་རླབས་བཞིན་བྲེལ་ཟིང་ཧ་ཅང་གིས་ཆེ་ན་ཡང་། དུས་ཚོད་བར་གསེང་ཡོད་ཚད་སྤྱད་དེ་དེ་རིང་ངོམས་སུ་འོས་པའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་འདི་འདྲ་བ་ཞིག་བསྒྲུབས་ཐུབ་པ་ནི། མཛད་འཕྲིན་བླ་མེད་ཅིག་དང་བསྟན་འགྲོ་སྤྱིའི་བདེ་རྩར་ཕན་ཐོགས་ངེས་ཅན་ཞིག་འབྱུང་རྒྱུར་བཤད་མ་དགོས་པས་བཀའ་དྲིན་ཆེ་ཞེས་ཡི་རངས་བསྔགས་བརྗོད་སེམས་དབུས་ནས་ཞུ་རྒྱུ་ཡིན།

རྩ་བའི་རྩོམ་པ་པོ་ཞིག་ཡིན་ན་རྩོམ་ཡིག་ཤོག་ལྡེབ་གཅིག་ཙམ་འབྲི་བར་ཡང་དཀའ་ངལ་ཅི་ཙམ་རྒྱག་དགོས་མིན་ཤོད་ཅི་ལ་དགོས། དེ་ལྟ་བས་ན་འདི་ལྟ་བུའི་གཞུང་ལུགས་ཆེན་མོར་འགྲེལ་བཤད་རྒྱག་པར་དཀའ་ཁག་དང་བཟོད་སྲན་བློས་གཏོང་སོགས་ག་ཚོད་དགོས་མིན་ནི་དྲིས་ལན་མི་དགོས་པར་བསམ་བློའི་ར་བ་རུ་འཆར་ཐུབ་ངེས་རེད། རིན་པོ་ཆེ་འདི་པ་ནི་རྣམ་དཔྱོད་མྱུར་ཞིང་དབྱེ་ཞིབ་མཁས་པ་སོགས་གཞུང་འགྲེལ་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ལེགས་ཐོག །བྱ་བ་གང་ཡིན་ཡང་ཞིབ་ཚགས་དང་ངང་རྒྱུད་རིང་བ་སོགས་ཐུན་མིན་རང་གཤིས་བླ་མེད་ཅིག་ཡོད་པས། ད་རེའི་གཞུང་འགྲེལ་འདིའི་སྤུས་ཚད་ཀྱང་དེང་སང་སྐད་ཆ་ལྟར་བཤད་ན་འགན་ལེན་བྱེད་ཐུབ་པ་ཞིག་རེད། གལ་ཏེ་ཐུན་མིན་རྣམ་དཔྱོད་དང་། བཟོད་སྲན། སྙིང་སྟོབས། ཞིབ་ཚགས་སོགས་མེད་ན་དེ་རིང་འགྲེལ་ཆེན་འདི་འདྲ་ཞིག་ང་ཚོས་ནམ་ཡང་མཇལ་མི་ཐུབ་པར་ཁ་ཚོན་བཅད་ནས་ཤོད་ཐུབ།

འདི་འདྲ་ཞིག་རྩོམ་དགོས་པའི་རྒྱུ་མཚན་དང་། བརྩམ་གཞིའི་ཁུངས་སོགས་ཅི་འདྲ་ཡིན་མིན་འགྲེལ་ཆེན་འདིའི་མཇུག་ཏུ་བཀོད་འདུག་པས་དེ་ལས་རྟོགས་པར་བྱ་ཞིང་། གང་ལྟར་ཐོག་མཐའ་བར་གསུམ། སྦྱོར་དངོས་རྗེས་གསུམ་ཚང་མར་དགེ་བ་ཅན་གྱི་བསྟན་བཅོས་འདི་ཉིད་མི་ཡུལ་གྱི་བསོད་ནམས་ཡིན་ལ། གཟི་འོད་རབ་ཏུ་འཕྲོ་བའི་བཀའ་བསྟན་གྱི་མཛོད་ཁང་དུ། རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེའི་ནོར་བུ་ཞིག་ཡིན་པར་བརྟེན། དཔྱད་པ་གསུམ་གྱིས་བྱི་དོར་མ་བྱས་ན་དགོས་འདོད་ཀྱི་འབྲས་བུ་མི་འབྱིན་པས། མཆོད་ཁྲིའི་སྒང་དུ་མ་བཞག་པར་ཀླད་པའི་དཀྱིལ། དྲན་པའི་ཀློང་ནས་ནོར་བུ་ནོར་ཉམས་ཆོད་ཐུབ་པ་ཞིག་དང་ནོར་བུའི་འབྲས་བུ་ལེན་ཐུབ་པ་ཞིག་རྒྱ་ཆེའི་ཀློག་པ་པོ་དང་ནང་བསྟན་ལ་ཤ་ཞེན་ཅན་རྣམས་ཀྱི་འོས་འགན་ཡིན་པར་སེམས།

མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག་ཏུ་གསུངས་པ་ལྟར། མི་ལོ་ཁྲི་སྟོང་མང་པོར། མདོར་ན་སངས་རྒྱས་བསྟན་པ་མིང་གི་ལྷག་མར་མ་གྱུར་བར་དུ། བསྟན་བཅོས་འདི་ཉིད་གནས་ཤིང་སྐྱེ་བོ་འབུམ་ཕྲག་དུ་མར་ཐར་པའི་ས་བོན་གྲུང་པོ་བསྐྲུན་རྒྱུ་ཉག་གཅིག་ཡིན་པས། དེ་དག་གི་དགེ་རྩ་ཅི་མཆིས་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་སྨོན་ལམ་རྒྱལ་པོའི་དགོངས་དོན་མཐར་ཕྱིན་པར་གྱུར་ཅིག་གུ །ཞེས་རྒྱལ་བ་འབྲོང་ངུར་ཆོས་རྗེའི་འཕྲིན་ལས་འོད་ཟེར་སྙིང་དབུས་སུ་སྨིན་ཅིང་། སྐྱེ་བ་ཀུན་ཏུ་མགོན་པོ་གང་གི་སྐྱབས་འོག་ཏུ་དམ་བཅའ་བ། རྟགས་ཙམ་འཛིན་པའི་གཟུགས་བརྙན་འཆང་བ་འབྲོང་ངུར་ཕོ་ཉར་འབོད་པས། སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ལ་ཕུལ།

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *