སེམས་ཅན་གསར་སྐྱེ། འཁོར་བ་ཐོག་མ། ཡོད་དམ་མེད།

སེམས་ཅན་གསར་སྐྱེ། འཁོར་བ་ཐོག་མ། ཡོད་དམ་མེད།

 

དོན་ཀུན་གྲུབ་པས་མདོ་སྔགས་སྣ་ཚོགས་སུ།།

འཁོར་བ་ཐོག་མ་མཐའ་མ་མེད་གསུངས་ཤིང་།།

རྗེས་འཇུག་དག་གིས་ཐོག་མ་མེད་ན་ཡང་།།

བྱེ་བྲག་པ་ལ་མཐའ་མ་ཡོད་དོ་གསུངས།།

 

འདི་ནི་རིགས་པས་དཔྱད་ན་དཀའ་གནད་དེ།།

འཁོར་བའི་སེམས་ཅན་མུ་མེད་གྲངས་ཡས་ཀྱང་།།

སེམས་ཅན་གསར་སྐྱེ་གཅིག་ཀྱང་ཡོད་མིན་པས།།

སྔར་ཡོད་དེ་ལས་འཕེལ་མེད་སྨོས་ཅི་དགོས།།

ལམ་ལ་ཡུན་རིང་འབད་པས་སེམས་ཅན་དག།།

རིམ་བཞིན་ཐར་དང་རྣམ་མཁྱེན་འཐོབ་འགྱུར་ཞིང་།།

ཇི་སྲིད་ལམ་ལ་འབད་པ་དེ་ཙམ་གྱིས།།

འཁོར་བ་ཉུང་ངུར་བྲི་བའང་ཆོས་ཉིད་དོ།།

 

སངས་རྒྱས་ཞིང་ཁམས་རབ་འབྱམས་རྡུལ་སྙེད་དང་།།

རྒྱལ་དང་བྱང་སེམས་ཚོགས་ཀྱང་དེ་བཞིན་བཞུགས།།

རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་བསམ་མི་ཁྱབ།།

མངའ་ཕྱིར་སེམས་ཅན་སྒྲོལ་བའང་དེ་སྙེད་དོ།།

 

དེ་མིན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཚུལ།།

འགྲོ་དོན་རྔ་སྤྲིན་ཚངས་པ་ནོར་བུ་བཞིན།།

མཛད་པར་གསུངས་པའི་དཔེ་དགུའི་ལུང་དོན་གང་།།

ཡང་ན་འགྲོ་དོན་བྲལ་བའི་རྒྱལ་བ་མཚར།།

 

དང་ཐོག་སེམས་ཅན་གྲངས་མེད་ཡིན་ན་ཡང་།།

ནམ་ཞིག་རེ་རེ་གྲོལ་བས་ཇེ་ཉུང་གིས།།

མཐར་ནི་གྲངས་དང་ལྡན་པར་འགྱུར་བ་ནི།།

དངོས་པོའི་འགྲོ་ལུགས་གནས་ཚུལ་རྟོགས་སླ་ཞིག།།

 

གྲངས་མེད་ཅེས་པ་རྟག་བརྟན་མ་ཡིན་ཞིང་།།

འཕེལ་མེད་བྲི་བ་ཡོད་པས་ཅི་ནས་ཀྱང་།།

སྔ་སོར་མི་གནས་མཐར་ནི་ཟད་པའང་ཡོད།།

སྲིད་པ་འདི་ནི་ཟློག་མེད་གནམ་ལྕགས་ཟླ།།

 

དེ་ཕྱིར་འཕེལ་མེད་བྲི་ཡོད་རྣམ་གཞག་འདི།།

སངས་རྒྱས་པ་ལ་ཤིན་ཏུ་མཛེས་མིན་ཏེ།།

སངས་རྒྱས་མཐའ་མར་འཕྲིན་ལས་མེད་པའམ།།

སེམས་ཅན་མཐའ་མ་འཚང་ནི་ཇི་ལྟར་རྒྱ།།

 

བདེ་གཤེགས་ས་ལ་གཤེགས་པའི་གང་ཟག་དག།།

སྣ་མང་འགྲོ་ཚོགས་སྨིན་གྲོལ་ཚོགས་བསགས་དེར།།

མ་བལྟོས་རང་གར་སོང་བ་མ་ཡིན་གཤིས།།

ལེགས་པར་བསམས་ན་ཅིས་ཀྱང་སེམས་ཅན་ཟད།།

 

མདོར་ན་གང་ལ་བྲི་བ་ཡོད་གྱུར་ན།།

འཕེལ་བའང་མི་འབྲལ་ཡོད་པའི་རྟེན་འབྲེལ་ལྟར།།

རིམ་གྱིས་བྲི་བ་ཡོད་བཞིན་སེམས་ཅན་ལ།།

འཕེལ་བའང་ཡོད་པར་ཅིས་ཀྱང་འདོད་པར་འཐད།།

 

དེ་ཕྱིར་སེམས་ཅན་གསར་སྐྱེ་འདོད་པ་ནི།།

འོས་མེད་རིགས་པས་གྲུབ་ཕྱིར་མི་འདོད་ན།།

གོང་བཤད་སྐྱོན་དག་སྤོང་བའི་ཐབས་བྲལ་བས།།

ཅིས་ཀྱང་སེམས་ཅན་གསར་སྐྱེ་འདོད་དགོས་སོ།།

 

འོ་ན་སེམས་ཅན་གསར་པའི་རིག་པ་དེ།།

རིགས་འདྲ་སྔ་མ་སྔོན་སོང་མ་ཡིན་པས།།

དེ་ལྟ་ན་ནི་རིག་པའི་དབང་ཕྱུག་གི།།

སྐྱེ་བ་སྔ་ཕྱི་སྒྲུབ་རིགས་ལྟར་སྣང་འགྱུར།།

 

དེ་བཞིན་རྒྱང་འཕེན་པ་ཡི་གྲུབ་མཐར་ལྷུང་།།

ས་རྡོ་སོགས་ལའང་རིག་པ་ཁས་ལེན་རིགས།།

ལ་སོགས་གནོད་བྱེད་ཆར་ལྟར་འབབ་བོ་ཞེས།།

སྨྲ་ངེས་འདི་ཡང་དཀའ་བའི་གནད་ཅིག་གོ།།

 

འོན་ཀྱང་ལེགས་དཔྱད་ལས་འབྲས་བསམ་མི་ཁྱབ།།

ངང་ཚུལ་འདི་ལ་ཡིད་ཆེས་བརྟན་གྱུར་ན།།

དཀའ་བའི་གནད་ཀྱང་དཀའ་བ་མེད་པར་སྣང་།།

དེ་ཕྱིར་བདག་ནི་རྟོག་པས་འདི་ལྟར་སྨྲ།།

 

སེམས་ཅན་ལས་ཚུལ་བསམ་གྱིས་མི་ཁྱབ་པས།།

སེམས་ཅན་གཅིག་གི་རིག་པས་རིག་པ་གཞན།།

སྔར་མེད་གསར་སྐྱེ་ཉེར་ལེན་རིགས་པ་དང་།།

གཅིག་གིས་དུ་མའི་ཉེར་ལེན་ཀྱང་ནི་རིགས།།

 

གཞན་ཡང་སེམས་ཅན་སྤྱི་མཐུན་ལས་ཚུལ་ལས།།

དེ་དག་ཀུན་གྱི་རིག་པས་ཉེར་ལེན་བྱས།།

སྔར་མེད་རིག་པ་གསར་སྐྱེ་མི་ཆོག་པའི།།

འཐད་པ་སྲིད་མཐར་བཙལ་ཀྱང་མི་རྙེད་སྙམ།།

 

དེས་ན་རིག་པ་སྔ་མ་སྔོན་མ་སོང་།།

ལ་སོགས་སྐྱོན་ནི་རྡུལ་དུ་བརླགས་གྱུར་པས།།

སེམས་ཅན་གསར་སྐྱེ་འདོད་འདི་རིགས་ཤིང་འཐད།།

དེ་མིན་སངས་རྒྱས་པ་ལ་གནོད་བྱེད་མང་།།

 

མདོར་ན་འཁོར་བར་ཐོག་མ་མེད་པ་དང་།།
སེམས་ཅན་གསར་སྐྱེ་མེད་པའི་བཞེད་སྲོལ་འདི།།
ཇི་ལྟར་བསམས་ཀྱང་རྙོག་འཛིང་ཆེར་འཕེལ་བའི།།
སངས་རྒྱས་པ་ལ་དཀའ་རྙོག་ཆེན་པོ་ཞིག།།

 

འབྲོང་ངུར་ཆོས་རྗེས། ༢༠༡༢། ༠༢། ༡༢།

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *