༄༅། །འབྲོང་ངུར་ཆོས་རྗེ་བཅོ་ལྔ་པའི་གསོལ་འདེབས།
༄༅། །འབྲོང་ངུར་ཆོས་རྗེ་བཅོ་ལྔ་པའི་གསོལ་འདེབས།
ལྕང་ལོ་ཅན་གྱི་ཞིང་གི་འདྲེན་པའི་གཙོ།།
བདེ་བར་གཤེགས་པའི་གསང་སྔགས་ཀུན་གྱི་མཛོད།།
རིགས་གསུམ་སེམས་དཔའ་འབྲོང་ངུར་ཆོས་ཀྱི་རྗེ།།
གྲུབ་དབང་འགྲོ་འདུལ་ཞབས་ལ་གསོལ་བ་འདེབས།།
ངོ་མཚར་དང་བཅས་གོང་གསུམ་ལྷས་མོ་ཆེར།།
བལྟམས་པའི་མོད་ལ་མ་བྲིས་སྟག་རིས་བཅས།།
དཔའ་བོ་ཆེན་པོའི་མཚན་རྟགས་ཡོངས་ཚང་བས།།
སེམས་དཔའ་ཆེ་ཞེས་གྲགས་དེར་གསོལ་བ་འདེབས།།
རྒྱལ་བའི་དབང་པོ་ཐུབ་བསྟན་རྒྱ་མཚོ་ཡིས།།
འདི་ནི་འབྲོང་ངུར་གོང་མའི་ཡང་སྤྲུལ་དུ།།
འཁྲུལ་བ་བྲལ་ཞེས་སྦུག་ཐམ་བསྩལ་བ་བཞིན།།
གོང་མའི་ཆོས་ཁྲིར་ཕེབས་དེར་གསོལ་བ་འདེབས།།
དགེ་འདུན་རྒྱ་མཚོ་འབྲོང་ངུར་སྲས་ཆུང་དང་།།
ཀུན་བཟང་རང་གྲོལ་སོགས་ལས་ཕྱི་ནང་གི།
རིག་གནས་གསན་བསམ་ཚུལ་བཞིན་གནང་བའི་མཐུས།།
དགོངས་པའི་ཐུགས་ཀློང་བརྡོལ་དེར་གསོལ་བ་འདེབས།།
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ།།
རིགས་ཀྱི་ཅོད་པན་བཀུར་ཏེ་འབྲོང་ངུར་པའི།།
ཕ་ཆོས་ཞི་ཁྲོ་ཕུར་གསུམ་ལེགས་གསན་པས།།
རིགས་ཀྱི་བག་ཆགས་མྱུར་སད་གསོལ་བ་འདེབས།།
ང་བརྒྱད་ལོ་ལ་དབང་ལུང་ཟབ་རྒྱས་བསྩལ།།
ལོ་དྲུག་བཙོན་བཞུགས་ཐུབ་དྲུག་དངོས་སུ་མཇལ།།
སེ་བཀྲའི་མགུལ་དུ་ཞལ་གཟིགས་ལུང་བསྟན་ཐོབ།།
གྲུབ་པའི་དབང་པོ་གང་དེར་གསོལ་བ་འདེབས།།
སྒོ་ཆུའི་བ་ལུང་གངས་ལྗོངས་བསྟན་དོན་བགྲོས།།
བྱི་རོའི་མཚོ་ལུང་ཟླ་གཅིག་ཐུགས་དམ་བཞུགས།།
མེ་མོ་བྲག་དཀར་ཞི་ཁྲོ་ཕུར་གསུམ་བསྒྲུབས།།
བསྟན་འགྲོ་ཉག་གཅིག་དགོངས་དེར་གསོལ་བ་འདེབས།།
ལོག་སྨོན་བདུད་ཀྱིས་སྦྲུལ་མདའ་རོང་སྒོ་རུ།།
སྐུ་སྲོག་གཅོད་སྐབས་ཡ་མཚན་དཔག་མེད་བཅས།།
དབུགས་དབྱུང་ལུང་བསྟན་དུ་མ་བསྟན་པའི་རྗེས།།
ཀུན་ཀྱང་དད་གུས་འཕེལ་དེར་གསོལ་བ་འདེབས།།
དམ་པའི་སྐྱེས་མཆོག་ཁྱོད་ཀྱི་རྣམ་ཐར་གང་།།
རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས་གསན་མ་ཐག།།
བསྔགས་བརྗོད་ཆེས་ཆེར་གནང་ཞིང་མངོན་པར་བསྟོད།།
རྩོད་བྲལ་གྲུབ་པའི་དབང་དེར་གསོལ་བ་འདེབས།།
མདོར་ན་བརྩེ་ཆེན་འཕགས་མཆོག་མིག་མི་འཛུམ།།
སྨོན་ལོག་བདུད་སྡེའི་གཤེད་མ་གསང་བའི་བདག།།
རྨོངས་མུན་ནང་ནས་སེལ་བའི་མཁྱེན་རབ་སྟེ།།
རིགས་གསུམ་གཅིག་འདུས་ཉིད་ལ་གསོལ་བ་འདེབས།།
དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།།
ཚེ་རིང་ནད་མེད་བསྟན་འགྲོའི་དོན་ཆེན་འགྲུབ།།
འདི་ནས་འཁོར་བའི་རྒྱ་མཚོ་མ་སྟོངས་བར།།
འབྲོང་ངུར་ཉིད་ཀྱི་སྣང་བ་མི་འབྲལ་ཤོག།།
ཅེས་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་གྲུབ་དབང་འགྲོ་འདུལ་ཞབས་ཀྱི་གསོལ་བ་འདེབས་པ་འདི་ནི། སྐྱེ་བ་ཀུན་ཏུ་རིགས་གསུམ་སེམས་དཔའི་རང་གཟུགས་གང་ཉིད་དང་འདུ་འབྲལ་མི་ཡོང་བ་དང་། འགྲོ་དོན་སྒྲུབ་ལ་ཉིད་ལྟར་སྐྱོ་ངལ་དང་འཇིགས་ཞུམ་མི་འབྱུང་ཞིང་། བྱིན་རླབས་དང་ཤེས་རབ་ཀྱི་སྣང་བ་འབད་མེད་འཐོབ་ཕྱིར། སྤྲང་བན་འབྲོང་ངུར་བསྟན་འཛིན་ལམ་བཟང་འབོད་པས་ཨོ་གླིང་རྒྱལ་ཁབ་ཏུ། ས་ག་ཟླ་བའི་ཚེས་བཅོ་ལྔའི་ (5/6/2020) ཟླ་འོད་འོག་ཏུ་བྲིས་པ་དགེའོ།།