འབྲོང་ངུར་ཆོས་རྗེ་རིམ་བྱོན་ངོ་སྤྲོད་མདོར་བསྡུས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་འགྲོ་མགོན་གངས་པ།
ཕྱི་ལོ་ ༡༡༧༥ རབ་བྱུང་གསུམ་པའི་ཤིང་ལུག་ལོར། ཤང་གི་གྱ་བ་ཞེས་པའི་འབྲོག་སྡེེ་རུ། ཡབ་ཁྱུང་པོ་ཇོ་ནག་དང་ཡུམ་རིགས་བཟང་ཌཱ་ཀི་བདེ་སྐྱོང་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༢༥༩ རབ་བྱུང་བཞི་པའི་ས་མོ་ལུག་གི་ལོར་དགུང་གྲངས་གྱ་བཞི་ཐོག་གྱ་བ་འབྲོང་ངུར་པའི་གདན་ས་ཝ་ཐང་མདོར་ཞི་བར་གཤེགས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་གཉིས་པ་གྲགས་པ་རྒྱལ་པོ།
ཕྱི་ལོ་ ༡༢༦༠ རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོར། ཤག་རོང་མཐའ་ཁང་དུ། ཡབ་དྲི་མེད་དང་ཡུམ་ཀུན་གསལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༣༢༥ རབ་བྱུང་ལྔ་པའི་ཤིང་མོ་གླང་གི་ལོར་ཟུག་རྔུ་གང་ཡང་མེད་པར་ཞི་བར་གཤེགས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་གསུམ་པ་ཁྱུང་སྟོན་འོད་པོ།
ཕྱི་ལོ་ ༡༣༢༦ རབ་བྱུང་ལྔ་པའི་མེ་སྟག་ལོར། མདའ་རྒྱངས་ཕུ་རུ། ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་སྒྲོལ་མའི་རྣམ་འཕྲུལ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༣༨༩ རབ་བྱུང་བདུན་པའི་ས་སྦྲུལ་ལོར་སྐུ་ཞི་བར་གཤེགས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཞི་པ་གུ་ཤྲི་ལྷུན་གྲུབ་རྒྱལ་མཚན།
ཕྱི་ལོ་ ༡༣༩༢ རབ་བྱུང་བདུན་པའི་ཆུ་སྤྲེལ་ལོར། དཔལ་ལྡན་གྱ་བ་འབྲོང་ངུར་པ་ཆེན་པོའི་གདུང་བརྒྱུད་སོག་འབྲོང་ངུར་བླ་བྲང་དུ། ཡབ་སྐྱོང་བླ་རྒྱལ་མཚན་དང་ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༤༦༣ རབ་བྱུང་བརྒྱད་པའི་ཆུ་ལུག་ལོར་ཝ་ཐང་དུ་ཞི་བར་གཤེགས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་ལྔ་པ་ཀརྨ་པདྨའི་རྒྱལ་མཚན།
ཕྱི་ལོ་ ༡༤༦༤ རབ་བྱུང་བརྒྱད་པའི་ཤིང་སྤྲེལ་ལོར། ནགས་ཤོད་སྦྲུལ་མདའ་རུ། ཡབ་པདྨ་རྡོ་རྗེ་དང་ཡུམ་ཚེ་རིང་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༥༣༢ རབ་བྱུང་དགུ་པའི་ཆུ་འབྲུག་ལོར་འོག་མིན་དཔལ་གྱི་མཚུར་ཕུར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དྲུག་པ་ཀརྨ་དོན་གྲུབ།
ཕྱི་ལོ་ ༡༥༣༤ རབ་བྱུང་དགུ་པའི་ཤིང་རྟ་ལོར། ལྷོ་བྲག་མར་པ་ལོ་ཙཱའི་གདན་ས་དང་ཉེ་བར། ཡབ་ཕུན་ཚོགས་ཚེ་རིང་དང་ཡུམ་ཉི་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༥༨༦ རབ་བྱུང་བཅུ་པའི་མེ་ཁྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་སྒོ་ནས་ཞི་བར་གཤེགས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བདུན་པ་ཀརྨ་དགེ་དབང།
ཕྱི་ལོ་ ༡༥༨༧ རབ་བྱུང་བཅུ་པའི་མེ་ཕག་ལོར། སྟོད་ལུང་གཞོང་པ་ལྷ་ཆུ་དང་ཉེ་བར། ཡབ་མིག་དམར་དང་ཡུམ་ཀུན་བཟང་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༦༠༡ རབ་བྱུང་བཅུ་པའི་ལྕགས་མོ་གླང་གི་ལོར་དགུང་གྲངས་བཅོ་ལྔའི་ཐོག་གློ་བུར་དུ་དགོངས་པ་ཞི་བར་གཤེགས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བརྒྱད་པ་གངས་པ་མཆོག་རྒྱལ།
ཕྱི་ལོ་ ༡༦༠༢ རབ་བྱུང་བཅུ་པའི་ཆུ་ཕོ་སྟག་ལོར། ནགས་སྟོད་གངས་ཆེ་འབྲོག་སྡེར། ཡབ་སྔགས་རིགས་པདྨ་དབང་རྒྱལ་དང་ཡུམ་དམ་ཆོས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཕྱི་ལོ་ ༡༦༢༢ རབ་བྱུང་བཅུ་པའི་ཆུ་ཕོ་ཁྱི་ལོར་ཙན་དན་དགོན་དུ་མྱ་ངན་འདས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དགུ་པ་པཎྜི་ཏ་དགེ་བའི་དབང་པོ།
ཕྱི་ལོ་ ༡༦༢༣ རབ་བྱུང་བཅུ་པའི་ཆུ་ཕོ་ཕག་ལོར། རྒྱལ་བ་གངས་པའི་གདུང་བརྒྱུད་དྲི་མ་མེད་པར། ཡབ་ཚེ་རིང་ཆོས་རྒྱལ་དང་ཡུམ་མཁའ་འགྲོ་མཚན་རྟགས་ཅན་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༦༩༧ རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་གི་ལོར་གདན་ས་ཆེན་པོར་མྱ་ངན་འདས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་པ་དཀོན་མཆོག་བསྟན་འཛིན་བཟང་པོ།
ཕྱི་ལོ་ ༡༦༩༨ རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་གི་ལོར། དགེ་རྒྱས་རུ་པར། བདེ་ཆེན་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༧༤༢ རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོར་ངོ་མཚར་ལྟས་དུ་མ་བཅས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དོན་གྲུབ།
ཕྱི་ལོ་ ༡༧༤༣ རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཕག་གི་ལོར། སྟག་རིང་དུ། ཡབ་རྡོ་རྗེ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༧༨༥ རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོར་སྐུ་གཤེགས་པའི་ཚུལ་བསྟན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གཉིས་པ་བསྟན་འཛིན་རྣམ་གྲོལ།
ཕྱི་ལོ་ ༡༧༨༦ རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོར། བྱང་གནམ་མཚོའི་འདབས་སུ། ཡབ་དོན་གྲུབ་བཀྲ་ཤིས་དང་ཡུམ་སྲི་གཅོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༨༣༡ རབ་བྱུང་བཅུ་བཞིའི་ལྕགས་མོ་ཡོས་ལོར་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དོ།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གསུམ་པ་ཀརྨ་བྷ་དྲ།
ཕྱི་ལོ་ ༡༨༣༢ རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་ལོར། བེ་གཞུང་དུ། ཡབ་སྔགས་རིགས་སྐལ་བཟང་དང་ཡུམ་སྒྲོལ་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༨༨༡ རབ་བྱུང་བཅོ་ལྔ་པའི་ལྕགས་མོ་སྦྲུལ་ལོར་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དོ།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་བཞི་པ་དཀོན་མཆོག་བསྟན་འཛིན།
ཕྱི་ལོ་ ༡༨༨༢ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་རྟ་ལོར། ལྷོ་སྨྲི་ཏི་ཁར། ཡབ་ཀུན་བཟང་རྡོ་རྗེ་དང་ཡུམ་རིན་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༩༢༢ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ཁྱི་ལོའི་ས་ག་ཟླ་བའི་ཚེས་བཅུ་ལ་སྐུ་གཤེགས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ།
ཕྱི་ལོ་ ༡༩༢༣ རབ་བཅོ་ལྔ་པའི་ཆུ་མོ་ཕག་ལོར། ནགས་ཤོད་གོང་གསུམ་ལྷས་མོ་ཆེར། ཡབ་རྒྱལ་ཐང་སྤྲུལ་སྐུ་དང་ཡུམ་དཔལ་བཟང་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཕྱི་ལོ་ ༡༩༧༠ རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་ཁྱི་ལོར་འབྲི་རུ་རྗོང་དུ་སྐུ་བཀྲོངས།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་དྲུག་པ་ངེས་སྟོན་བསྟན་པའི་རྒྱལ་མཚན།
ཕྱི་ལོ་ ༡༩༨༤ རབ་བྱུང་བཅུ་དྲུག་པ་ཤིང་ཕོ་བྱི་ལོར། གློ་བོ་ཚོ་ཤར་དུ། ཡབ་ཉི་མ་དབང་འདུས་དང་ཡུམ་པ་སངས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ནས། ད་ལྟ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་མཐར་ཕྱིན་ཏེ། མཛད་པ་དང་འཕྲིན་ལས་བརྟས་ཤིང་བཞུགས་ཡོད་པས་སྐུ་ཚེ་བརྟན་པར་གྱུར་ཅིག
ཁུངས་འདྲེན་ཡིག་ཆ།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་ཁུངས་འདྲེན་གྱི་ཡིག་ཆ་ནི། རྩོམ་པ་པོ་ཝ་ཐང་དབུ་རྒན་དམ་ཆོས་ཀྱིས་ཕྱི་ལོ་ ༡༩༢༣ རབ་བྱུང་བཅོ་ལྔ་པ་ཆུ་མོ་ཕག་གི་ལོར་བཀའ་བརྒྱུད་འཕེལ་རྒྱས་གླིང་དུ་བྲིས་པའི་༼སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་གྱ་བ་འབྲོང་ངུར་པ་རིམ་པར་བྱོན་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་གྲུ་གཟིངས་༽ཞེས་བྱ་བ་དེ་ཉིད་ཡིན།
འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པའི་ཁུངས་འདྲེན་གྱི་ཡིག་ཆ་ནི། རྩོམ་པ་པོ་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་ཕྱི་ལོ་ ༢༠༡༧ ལོར་བརྩམས་པའི་༼འབྲོང་ངུར་ཆོས་རྗེ་གོང་མ་ན་རིམ་མདོར་ཙམ་གླེང་བ་ཚེས་གཉིས་ཟླ་བའི་འོད་ཟེར་༽ཞེས་བྱ་བ་དེ་ཉིད་ཡིན།
བསམ་ཚུལ་ཕྲིས།