བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་ཐ་སྙད་གླེང་བ།

བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་ཐ་སྙད་གླེང་བ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྐྱབས་མགོན་ཡིད་བཞིན་ནོར་བུས་རྒྱུན་ལྡན་གསུང་ཆོས་དང་བཀའ་སློབ་སོགས་ཀྱི་ཚེ། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པའི་ཐ་སྙད་འདི་ཡང་ཡང་ཞལ་གསུང་མཛད་པར་བརྟེན། དེང་ཐ་སྙད་འདི་ཆེས་ཡོངས་གྲགས་སུ་གྱུར་ཏེ་ཕལ་ཆེ་བས་བཀོལ་སྤྱོད་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་མང་པོ་ཞིག་ལ་ད་དུང་ཐ་སྙད་འདིའི་ཚིག་གི་དག་ཆ་དང་དོན་གྱི་གོ་བ་ཇི་བཞིན་པ་ཞིག་ལོན་མེད་པ་ལྟ་བུའི་ཚོར་སྣང་བྱུང་། ཅིའི་ཕྱིར་ཞེ་ན། རེ་ཟུང་ཞིག་གིས་ཐ་སྙད་འདི་འབྲི་བརྗོད་ཚད་ལྡན་གནང་བ་མཐོང་ཡང་། ཕལ་ཆེ་བ་ཞིག་གིས་ཐ་སྙད་འདི་ངག་ནས་རྗོད་པའི་ཚེ་ན་སྒྲ་མདངས་ནོར་བ་དང་། ཡི་གེར་འབྲི་བའི་ཚེ་ན་དག་ཆ་ནོར་བ་མཐོང་ཞིང་ཐོས།

དེ་ཡང་། འགའ་ཞིག་གིས། བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན། འགའ་ཞིག་གིས། བསྟན་པ་སྤྱི་མཚན་དང་གང་ཟག་སྒོས་མཚན། འགའ་ཞིག་གིས། བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན། འགའ་ཞིག་གིས། བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན། འགའ་ཞིག་གིས་དེ་དག་གཅིག་ཏུ་ངེས་པ་མེད་པར་གང་ཐོན་ཐོན་བྲིས་དང་འབྲི་བཞིན་འདུག

འོ་ན་དེ་དག་ལས་གང་དག་པ་དང་གང་མ་དག་པ་ཡིན། ཇི་ལྟར་འབྲི་བརྗོད་བྱེད་དགོས་ཞེ་ན། མཐའ་མ་ལྟར་མཐའ་གཅིག་ཏུ་༼བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་༽ཞེས་འབྲི་བརྗོད་བྱེད་དགོས་པ་ཡིན། འབྲི་བའི་ཚེ་ནའང་༼སྤྱི་བཙན་༽༼སྒོས་བཙན་༽དང་། བརྗོད་པའི་ཚེ་ནའང་མིང་གཞི་ཙ་ཡི་སྒྲ་མདངས་འདོན་དགོས་པ་ཡིན། དེ་ནི་སྐབས་འདིའི་བརྗོད་བྱ་གཙོ་བོ་ཡིན་པས་གཤམ་ནས་ཁུངས་ལུང་རྒྱུ་མཚན་དང་བཅས་བཤད་རྒྱུ་ཡིན་པས་ལེགས་པར་དཔྱད་པར་ཞུ།

མ་ཟད། http://www.gyalwarinpoche.com/node/309 ཞེས་པའི་ནང་དུའང་། ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་སླར་ཡང་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས། (གསུམ་པ།)  ༢༠༡༦། ༡༡། ༡༨~༢༣  ཚེས་༢༢། རེས་གཟའ་མིག་དམར། ཞེས་པའི་ནང་། ཡང་གསར་འགོད་པས། སོག་ཡུལ་དུའང་ཆོས་ལུགས་མི་འདྲ་བའི་དབར་ཕན་ཚུན་མི་མཐུན་པ་ལྟ་བུ་ཡོང་གི་ཡོད་པར་ག་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར། སྔར་བོད་ལ་ཡང་གྲུབ་མཐའ་མི་འདྲ་བ་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ཡོད་པ་རེད། ངས་གཙོ་བོ་བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན་ཞེས་གཉིས་སུ་དབྱེ་བཞིན་ཡོད། གསང་སྔགས་ཀྱི་རྒྱུད་པ་འདྲ་མིན་དང་། ཉམས་ལེན་བྱེད་སྟངས་མི་འདྲ་དེ་དག་ནི་གང་ཟག་སྒོས་ཚན་ཡིན། བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་ན་དཔལ་ནཱ་ལེནྡྲ་ནས་རྒྱུད་པའི་ནང་ཆོས་ཀྱི་ལྟ་གྲུབ་གཅིག་པ་རེད། ད་ཚང་མས་བསྟན་པ་སྤྱི་མཚན་ལ་བསམ་བློ་གཏོང་རན་པ་རེད་ཅེས་གསུངས། ཞེས་བཀོད་འདུག་པ་ལྟ་བུ་ནི་དཔེ་མཚོན་ཙམ་ཡིན།

ཡང་སྙིང་ད་ཆར་ཐ་སྙད་འདིའི་སྒྲ་གཟུགས་གཉིས་སམ་ཚིག་དོན་གཉིས་ཐད་ནས་འདི་ལྟར་རོ་ཞེས་ངེས་པ་གདེང་འཕེར་བ་ཞིག་མ་རྙེད་མཁན་མང་པོ་ཞིག་ཡོད་པ་འདྲ་སྙམ། ལྷག་པར་དུ་གསར་འགོད་པ་དང་རྩོམ་སྒྲིག་པ་དེ་བཞིན་རྩོམ་པ་པོ་སོགས་སུ་ཡིན་རུང་བོད་ཀྱི་བརྡ་དང་ཐ་སྙད་གང་ཡང་ཁུངས་ཐུབ་ཚད་ཐུབ་ཡོད་པའི་སྒོ་ནས་འབྲི་དགོས་པ་ལས། ཁ་སྐད་ཀྱི་སྒྲ་མདངས་ཙམ་དང་འོལ་ཚོད་རྨོངས་ཚོད་ཀྱིས་འབྲི་བར་བྱེད་པ་ནི། ནོར་བ་རྒྱུན་འབྱམས་སུ་གྱུར་ཏེ་བོད་ཀྱི་སྐད་ཡིག་ལ་གནོད་ཚབས་ཆེ་བ་ཡིན། ཁྱད་པར་དུ་ཐ་སྙད་འདི་ལྟ་བུ་དག་ཡིག་དང་ཚིག་མཛོད་རྣམས་སུ་འཁོད་མེད་ཙ་ན། རང་སྣང་གང་ཤར་དང་སླ་ཆོས་མི་མཛད་པར་དམ་པ་གོང་མའི་གསུང་རབ་ལ་ཞིབ་འཇུག་བྱས་ཏེ་ཁ་མིག་ཡར་ལྟ་མཛད་དགོས་པ་གལ་ཆེ་བ་ཡིན། དམ་པ་གོང་མའི་གསུང་རབ་རྣམས་སུ་མ་གྲགས་པ་ཞིག་ཡིན་ན་ནི་ཐུགས་ཁག་མེད་ཀྱང་ཐ་སྙད་འདི་ལྟ་བུ་ནི་ཚད་ལྡན་གྱི་མཁས་པའི་དབང་པོ་རྣམས་ཀྱི་གསུང་རབ་རྣམས་སུ་ཡོངས་སུ་གྲགས་པའི་ཐ་སྙད་ཅིག་ཡིན།

དེར་བརྟེན་འདིར་སྐྱབས་མགོན་ཡིད་བཞིན་ནོར་བུས་རྒྱུན་དུ་རྩལ་བཏོན་མཛད་དང་མཛད་བཞིན་པའི་ཐ་སྙད་དེའི་ཚིག་གི་དག་ཆ་དང་དོན་གྱི་གོ་བ་གཉིས་སྔ་རབས་གོང་མའི་གསུང་རབ་དག་ལ་ཁུངས་གཏུགས་ནས་ཅུང་ཟད་གསལ་བར་བྱ་རྒྱུ་ཡིན།

 

དང་པོ། ཐ་སྙད་འདི་གང་ལ་གཞི་འཆོལ་སའི་འབྱུང་ཁུངས་བཤད་པ།

 

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། (1308-1364) ཚིག་དོན་རིན་པོ་ཆེའི་མཛོད་ཀྱི་རྡོ་རྗེའི་གནས་བཅུ་པ་[1]ལས། རང་བཞིན་དུ་གནས་པའི་བར་དོའི་སྣང་ལུགས་ལའང་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལའང་ཁམས་གསུམ་སྤྱི་བཙན། གནས་རིགས་ཐ་དད། གང་ཟག་སྒོས་བཙན་གསུམ་ལས། སྤྱི་བཙན་ལ་ཀུན་གཞིའི་སྟེང་དུ་བག་ཆགས་སོ་སོར་གཞག་པའི་དབང་གིས་རྩ་བ་མ་རིག་པ་གཟུང་འཛིན་དུ་སེམས་ལ་སྣང་བ། ཕྱི་ཡུལ་ལྔར་ཡུལ་གྱི་རྣམ་པར་སྣང་བ། ལུས་སུ་སྣང་བ། བདེ་སྡུག་བར་མ་དགའ་གདུང་དུ་སྣང་བ། ཆགས་སོགས་ཉོན་མོངས་དུག་ལྔར་སྣང་བས་གཅིག་ནས་གཅིག་ཏུ་འཁོར་བར་སྣང་བའི་ཕྱིར་ཁམས་གསུམ་སྤྱིའི་སྣང་བ་ཞེས་བྱའོ། །ཞེས་དང་། དེ་དག་ལས་ཀྱང་གང་ཟག་སྒོས་བཙན་ལ་སྣང་བ་ནི། གནས་རིགས་སོ་སོ་བ་དེ་དག་གི་འགྲོ་བ་རྣམས་ཀྱང་ལ་ལ་བདེ། ལ་ལ་སྡུག ལ་ལ་བར་མར་གནས་ཏེ། ཞེས་དང་།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་ལེའུ་བཅུ་གཉིས་པ་[2]ལས། འོ་ན་རིག་པའི་རོལ་པ་ཡིན་པས་སྣང་བ་འདི་བདག་གི་རྗེས་སུ་འགྲོ་ལྡོག་བྱེད་པར་རིགས་སོ་ཞེས་ན། སྤྱི་བཙན་གྱི་སྣང་བ་དེ་སྒོས་བཙན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་པས། བདག་མེད་ཀྱང་རི་ལ་སོགས་པ་ཤུལ་ན་ཡོད་པས་གསལ་ལ། སྒོས་བཙན་གྱི་རི་སྣང་ཙམ་གྱི་རོལ་པ་དེ་གང་ཟག་དེ་འཆི་དུས་ནུབ་པའི་ཕྱིར་ན། རང་རང་གི་རོལ་པ་དེ་རང་རང་དང་རྗེས་སུ་འགྲོ་ལྡོག་བྱེད་ལ། སྤྱིའི་དེ་སྤྱི་དང་འགྲོ་ལྡོག་བྱེད་པས། ཕྱེ་ནས་ལན་འདེབས་པས་ཉེས་པ་མེད་དོ། །འོ་ན་རང་མེད་དུས་རང་སྣང་གི་རི་མེད་ཀྱང་རི་མེད་པར་མ་སོང་བས་རོལ་པ་ཤུལ་དུ་ལུས་སོ་སྙམ་ན། ཤུལ་གྱི་དེ་སྣང་ཡུལ་སྤྱི་བཙན་པ་ཡིན་པས། ཤུལ་མའི་སྣང་བ་ཡིན་གྱིས། ཤི་བ་དེའི་སྣང་བ་མ་ཡིན་ལ། སྤྱིའི་རོལ་པ་འགག་པར་ནི་ཁས་མ་བླངས་པ་དང༌། སྣང་བ་དང་སྣང་ཡུལ་གྱི་ཁྱད་ཡོད་པའི་ཕྱིར་ཉེས་པ་མེད་ལ་འཐད་པ་དང་བཅས་པ་ཉིད་དོ། །ཞེས་དང་།

ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་གྱིས། (1367-1449) ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་[3]ལས། དེ་བཞིན་དུ་འཁོར་བ་སྤྱི་བཙན་སྒོས་བཙན་ལ་ཐོག་མ་མེད་ཀྱང་བདག་མེད་མངོན་སུམ་དུ་མཐོང་ན། འཁོར་བ་སྒོས་བཙན་པའི་ཕྱི་མཐའ་འགྲུབ་ལ། ལོག་སྲེད་ཀྱི་མཐུན་རྐྱེན་ཚང་ཞིང་སྟོང་ཉིད་རྟོགས་པའི་འགལ་རྐྱེན་མེད་ན་ཡང་སྲིད་འབྱིན་པར་ངེས་སོ། །ཞེས་དང་།

ལོ་ཆེན་དྷརྨ་ཤྲཱིས། (1654-1717) གསང་བ་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་སྟོད་ཆ་[4]ལས། ཡང༌། སྤྱི་བཙན་དུ་ཐོག་མ་དང་ཐ་མ་གཉིས་ཀ་མེད་ལ། ལམ་གྱིས་གྲོལ་བར་ནུས་པའི་ཕྱིར་བྱེ་བྲག་གང་ཟག་སྒོས་བཙན་ལ་མཐའ་ཡོད་དོ་བྱས་པ་ལ། ཁ་ཅིག་ན་རེ། དེ་ལྟར་ན་སྤྱི་དེས་སྒོས་ལ་ཁྱབ་བམ་མ་ཁྱབ། དང་པོ་ལྟར་ན་སྒོས་བཙན་ལའང་ཐ་མ་མེད་པར་ཐལ། ཁྱབ་བྱེད་སྤྱི་ལ་མེད་པའི་ཕྱིར། གཉིས་པ་ལྟར་ན། སྒོས་ལ་མ་ཁྱབ་པའི་ཕྱིར་སྤྱི་མ་ཡིན་པར་ཐལ་ལོ་ཟེར་ན། ཞེས་དང་།

དུས་རབས་བཅུ་བདུན་པའི་ནང་བྱོན་པའི་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས། རང་མྱོང་ལེགས་ཉེས་ཆ་ཤས་ཙམ་སྨོས་ཤིང་དམ་པའི་ཆོས་ལ་བློ་གཞུགས་པའི་གྲོས་འདེབས་རྟོགས་བརྗོད་རི་ཐང་མཚམས་ཀྱི་སྨན་མཆོག་[5]ཅེས་བྱ་བ་ལས། འཁོར་བ་སྤྱི་བཙན་མཐའ་མ་མེད་གནས་ཀྱང་། །གང་ཟག་སྒོས་བཙན་འཁོར་བ་ཐ་མ་ཡོད། །ཐར་པ་ཐོབ་ཚེ་འཁོར་བའི་འཁྲུལ་འཁོར་འཇིག། །འཁོར་བས་ཡུན་རིང་དུབ་པའི་སྐྱེས་བུ་ཁྱོད། །ད་ནི་ཐར་པའི་ལམ་དུ་གཞོལ་བར་གྱིས། །ཞེས་དང་།

མཁན་ཆེན་ངག་དབང་དཔལ་བཟང་ངམ་མཁན་པོ་ངག་ཆུང་གིས། (1879-1941) རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་སྤྱི་དོན་སྙིང་ཐིག་མ་བུའི་ལྡེ་མིག་ཀུན་བཟང་ཐུགས་ཀྱི་ཊིཀྐ་[6]ལས། རང་སྣང་གི་ཆ་ནི་སྦུབས་འཕོ་དུས་རང་ལོག་ལ་འགྲོ་ལ། ཐུན་མོངས་རིས་མཐུན་ཙམ་ནི། གཞན་ངོར། ད་དུང་ཤུལ་ན་ཡོད་པའོ། །དེས་ན་སྤྱི་བཙན་དང༌སྒོས་བཙན་གྱི་སྣང་བའི་སྐབས་ཕྱེད་པ་གལ་ཆེ་བས། ཆོས་ཅན་མཐུན་སྣང་བ་ཞིག་ནི་མེད་དེ། ཞེས་དང་།

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོས། (1892-1940) རེ་དོགས་ཀྱི་རྫུན་ཕུག་གཏིབ་པ་[7]ལས། དེ་ལའང་གྲུབ་མཐའི་འདོད་ཚུལ་སྤྱི་དང་། རྣལ་འབྱོར་བས་རྟོགས་ཚུལ་དང་གཉིས་ལས། སྔ་མ་ལྟར་ན་གང་ཟག་སྒོས་བཙན་གྱི་སྣང་བ་བློ་རང་ངོས་ནས་ལྡོག་ཀྱང་། འཁྲུལ་བ་སྤྱི་བཙན་གྱི་སྣང་ཚུལ་རྣམས་མི་འཇིག་པར་འདོད་དགོས་ཏེ། ཞེས་གསུངས།

གོང་གསལ་དེ་དག་ལས་མཐུན་སྣང་དུ་གསལ་པོར་མཇལ་ཐུབ་པ་ནི། ༼སྤྱི་བཙན་དང་སྒོས་བཙན།༽ ཞེས་པའི་ཐ་སྙད་གཉིས་པོ་དེ་ཡིན། དེ་ཡང་གོང་གསལ་རྣམས་སྙིང་དོན་དུ་བྱས་ན། ཀུན་མཁྱེན་ཀློང་ཆེན་པས་ཚིག་དོན་མཛོད་ལས། ཁམས་གསུམ་སྤྱི་བཙན། གང་ཟག་སྒོས་བཙན། ཞེས་གསུངས། ཀུན་མཁྱེན་ཀློང་ཆེན་པས་ཆོས་དབྱིངས་མཛོད་རང་འགྲེལ་ལས། སྤྱི་བཙན་གྱི་སྣང་བ། སྒོས་བཙན་གྱི་རི་སྣང། སྣང་ཡུལ་སྤྱི་བཙན་པ། ཞེས་གསུངས། ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་གིས། འཁོར་བ་སྤྱི་བཙན འཁོར་བ་སྒོས་བཙན། ཞེས་གསུངས། ལོ་ཆེན་དྷརྨ་ཤྲཱི་དང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས། འཁོར་བ་སྤྱི་བཙན། གང་ཟག་སྒོས་བཙན། ཞེས་གསུངས། མཁན་པོ་ངག་ཆུང་གིས། སྤྱི་བཙན་གྱི་སྣང་བ་དང་། སྒོས་བཙན་གྱི་སྣང་བ། ཞེས་གསུངས། སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོས། གང་ཟག་སྒོས་བཙན་གྱི་སྣང་བ་དང་། འཁོར་བ་སྤྱི་བཙན་གྱི་སྣང་ཚུལ། ཞེས་གསུངས་ཡོད།

དེས་ན་དེ་དག་ནི་༼བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་༽ཞེས་པའི་ཐ་སྙད་འདིའི་གཞི་རྩའི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་པ་ནི་གསལ་པོར་མཚོན་ཐུབ་ཅིང་། དུས་རབས་མང་པོའི་ཡར་སྔོན་གྱི་མཁས་པའི་དབང་པོ་ཡོངས་སུ་གྲགས་ཤིང་གྲུབ་པའི་གསུང་ཤ་སྟག་ཡིན་པས། སྤྱི་བཙན་དང་སྒོས་བཙན་ཞེས་པའི་ཐ་སྙད་འདི་དུས་རབས་ཉི་ཤུ་པའམ་ཉེར་གཅིག་པ་འདིའི་ནང་གསར་དུ་བཟོས་པའམ་གསར་དུ་བྱུང་བ་ལྟ་བུ་ཞིག་ཏུ་སེམས་མི་རུང་།

 

གཉིས་པ། ཐ་སྙད་འདིའི་འབྱུང་ཁུངས་དངོས།

 

༸སྐྱབས་མགོན་ཡིད་བཞིན་ནོར་བུས། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་དཔལ་ལྡན་འབྲས་སྤུངས་དགོན་པར་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོར་བསྩལ་བའི་བཀའ་སློབ་ནང་ཞལ་དྲོན་མོ་ནས་གསལ་པོར་གསུངས་པ་ལྟར། ༼https://www.youtube.com/watch?v=2qmWMwiiee4 དྲ་ལམ་འདིར་བསྣན་ན་བཀའ་སློབ་ཆ་ཚང་དངོས་སུ་ཉན་ཐུབ།༽ སྙན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ཕྱག་རྫོགས་གདམས་པའི་སྐོར་གྱི་བརྗེད་ཐོའི་ནང་ཐ་སྙད་འདི་བཀོལ་སྤྱོད་གནང་ཡོད། དེས་ན་རང་ཅག་གིས་ཀྱང་གསུང་དེ་ཆ་ཚང་ཞིག་མཇལ་བ་ཡིན་ན། ཐ་སྙད་འདིའི་ཚིག་གི་དག་ཆ་དང་དོན་གྱི་གོ་བ་ཇི་ལྟར་ཡིན་མིན་ལ་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་རྣམས་རང་ཡལ་དུ་འགྱུར་ངེས་ཡིན། དེ་ལྟ་བུའི་དགོས་པ་ཆེན་པོའི་དབང་གིས་འདིར་གསུང་དེ་དབུ་ནས་ཞབས་ཀྱི་བར་ཆ་ཚང་བ་ཞིག་དྲང་རྒྱུ་ཡིན་པས་ལེགས་པར་གཟིགས་པར་ཞུ།

དེ་ཡང་། སྙན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས། (1903-1957) ཕྱག་རྫོགས་གདམས་པའི་སྐོར་གྱི་བརྗེད་ཐོ་[8]ལས། རང་གི་བརྗེད་ཐོ་ལ། ཕྱག་རྫོགས་ཀྱི་གདམས་པ་འདི་དག་མི་འཐད་པ་མ་ཡིན་ཞིང་། འཐད་ལུགས་ཀྱང་བསྟན་པ་སྤྱི་བཙན་དང་།  གང་ཟག་སྒོས་བཙན་གཉིས་སུ་ཕྱེ་སྟེ། ཕྱི་མའི་དབང་གིས་དབང་པོའི་ཁྱད་པར་དམིགས་བསལ་ཅན་ལ་སྟོང་ཉིད་ངོ་སྤྲད་ལུགས་དང་། སྒོམ་ལུགས་ཐམས་ཅད་ཐེག་ཆེན་གྱི་ཤིང་རྟའི་སྲོལ་གཉིས་ཀྱི་གཞུང་ལུགས་ཆེན་པོའི་སྤྱི་སྐད་ལྟར་མིན་པར་སྔགས་དང་འབྲེལ་བའི་སྒོ་ནས་ཐ་མལ་གྱི་ཤེས་པ་བཅོས་བསྒྱུར་མི་དགོས་པ་འདིའི་སྟེང་ནས་ཡིན་ལུགས་ངོ་སྤྲད་པ་དང་། ངོ་སྤྲོད་ཀྱི་དོན་བཞིན་བརྗོད་དུ་མེད་པའི་གནས་ལུགས་རྩིས་གདབ་བྲལ་བ་རང་བབས་སུ་བསྐྱངས་པས་ཐུན་མོང་གི་ལྷག་མཐོང་དང་། ཐུན་མོང་མིན་པའི་འོད་གསལ་ལམ་བྱེད་ཀྱི་སྒོ་གཉིས་ཀ་སྟབས་གཅིག་ཏུ་འོང་བ་ཡིན་ནོ། །དེས་ན་འདི་ཤིན་ཏུ་ཆོད་ཆེ་ཡང་དབང་པོའི་ཁྱད་པར་ལ་ལྟོས་པས་འཚོ་བྱེད་ཀྱི་སྨན་མར་ལྷས་བྱིན་གྱིས་ཟོས་པ་ལྟར་མ་སོང་བ་ཞིག་གལ་ཆེའོ། །དེས་ན་བསྟན་པ་སྤྱི་ཁྱབ་དབང་བཙན་དུ་ཐོག་མར་དགག་བྱ་ངོས་འཛིན་ཚུལ། དེ་ནས་དེ་ལ་རིགས་པས་གནོད་པ་སྟོན་ཚུལ། རིགས་སྟོབས་ཀྱིས་རྙེད་པའི་བདག་མེད་གཉིས་ཀྱི་དོན་ལ་དཔྱད་འཇོག་གི་སྒོམ་སྤེལ་བའི་ལྷག་མཐོང་གི་སྐྱོང་ཚུལ་སོགས་ལས་དང་པོ་བའི་དབང་དུ་བྱས་ཏེ་གེགས་དང་གོལ་ས་མེད་པར་གསུངས་པ་འདི་རྩ་བ་ཆེ། འདི་ལ་མདོ་སྔགས་སོ་སོས་སྟོང་ཉིད་སྒོམ་ཚུལ་རང་གི་སྐབས་ཀྱི་ཐབས་དང་འབྲེལ་བར་ཉམས་སུ་ལེན་པའི་སྲོལ་ག་སོ་སོར་ཡོད་ཀྱིས་ཐམས་ཅད་སྟབས་གཅིག་པ་མིན། དེང་སང་ཕྱག་རྫོགས་པ་སོགས་ལ་དྲིས་ན་ཤིང་རྟ་ཆེན་པོའི་གཞུང་ལུགས་ཀྱི་ཞི་ལྷག་གི་བགྲོད་ལུགས་སོགས་གང་ཟག་སོ་སོའི་རང་ཚོད་ཀྱི་ཆོས་ཤིག་ཡོད་པའི་གཏམ་ཟུར་ཙམ་ཡང་མེད་པར་ཀུན་ཀྱང་ཕྱག་རྫོགས་ཀྱི་ལམ་དེར་དང་པོ་ཉིད་ནས་ཨེ་ཚུད་བལྟ་ཞིང་དེ་ཙམ་མིན་པ་ཐམས་ཅད་ཆོས་མིན་དུ་བསྒྲགས་ནས་བསྟན་པ་སྤྱི་བཙན་གྱི་ཚུལ་འདི་བསྐལ་དོན་ཤ་ཟ་ལྟར་གྱུར། དེ་ལ་གཞུང་ལུགས་ཆེན་པོའི་རྗེས་འབྲང་མཁས་པ་ཆོས་རྒྱུས་ཆེ་བ་རྣམས་ཁོང་ཚོས་སྤྱི་སྒོས་ཀྱི་རྣམ་དབྱེ་མི་ཤེས་དགོངས་ནས་འགོག །ཆོས་རྒྱུས་ཆུང་བ་རྣམས་སྤྱིར་ན་ཕྱག་རྫོགས་སོགས་རྩ་བ་ནས་མི་འགྲིག་སྙམ་ནས་བཀའ་རྙིང་སོགས་ལ་ཐན་ལྟར་བརྩི་ཞིང་། གང་ཟག་སྒོས་བཙན་གྱི་ཚུལ་འདི་ལྟར་ཡོད་པ་བསྐལ་དོན་ཤ་ཟར་སོང་ནས་རྒྱལ་བའི་བསྟན་པ་ལ་ནང་སེལ་ཚབས་ཆེན་བྱུང་བར་གདའ། དེ་ཡང་ལྟ་བ་སྙིགས་མའི་དབང་གིས་བློ་སེམས་ཀྱི་ན་ཚོད་ཤིན་ཏུ་ཆུང་སྟེ། ཐེག་པ་ཆེན་པོའི་ཁལ་ལྕི་བ་འདེགས་པའི་རྣམ་དཔྱོད་ཀྱི་ཤེད་མེད་པ་དེར་གདའ། གང་ཟག་སྒོས་བཙན་གྱི་ཆོས་འདི་ཆོད་ཀྱང་ཆེ། འཁྲུལ་གཞི་ཡང་ཆེ། འདི་ལ་འཁྲུལ་ནས་ཕ་མེས་བཟང་པོའི་ཕ་ཕོགས་ཀྱི་སྐལ་བ་ཡིན་ནོ་སྙམ་ནས་ནོར་བུ་དང་མཆིང་བུ་ནོར་བ་ཡང་མང་རབས་ཤིག་ཡོད་འདུག །རྒྱ་གར་མཁས་པའི་གཞུང་ལུགས་ལ་དྲི་མ་མེད་པའི་རིགས་པས་བརྡར་ཤ་བཅད་དེ་འཇུག་པ་ལ་གེགས་གང་ཡང་མེད། ཡར་དེད་ན་བྱམས་པ་དང་འཇམ་དབྱངས་ལ་ཐུག་འདུག །དེ་ནས་ཡར་དེད་ན་རྫོགས་པའི་སངས་རྒྱས་རང་ཡིན། ཆོས་ཟེར་རྒྱུའི་ཆོས་དེ་སྒོ་གང་ནས་བསམས་ཀྱང་སྐྱེས་བུ་གསུམ་ཀའི་ཉམས་སུ་བླང་བྱ་ཐམས་ཅད་སྟན་ཐོག་གཅིག་གི་ཉམས་ལེན་དུ་དྲིལ་བའི་བྱང་ཆུབ་ལམ་རིམ་འདི་ཡིན་པར་འདུག །འདི་ལ་བག་ཆགས་བཟང་པོ་ཞིག་མ་ཞོག་པར་ཤི་དགོས་ན་ཤི་མི་ཐུབ་པར་འདུག་ཀྱང་། ཁྱོད་ཀྱི་བྱ་བ་ཟིན་ནོ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །གསུངས་པ་ལྟར་ལགས་པས་དེ་རིང་སང་ལ་བག་ཆགས་ཤིག་ཐེབས་དགོས། ཉི་མ་རེ་རེ་བཞིན་བག་ཆགས་རེ་བཞག་སྟེ་བག་ཆགས་མཐུག་པོ་ཞིག་ཐེབས་དགོས། བཀའ་བརྒྱུད་དང་། རྙིང་མ་སོགས་ལ་སྙིང་ཐག་ནས་སྐྱབས་སུ་མཆི་སྟེ། ཤིང་རྟ་ཆེན་པོའི་གཞུང་ལུགས་རྩིས་མེད་དུ་འདོར་བའི་ས་བཀའ་རྙིང་མ་སོགས་རྨི་ལམ་དུ་ཡང་མི་བྱེད། ཚེ་རབས་འདི་ཙམ་དུ་མ་ཟད་པར་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་ལྷག་ཞབས་སུ་སྨོན་ལམ་འདེབས་ཏེ། གང་ཟག་གི་རིགས་ཐམས་ཅད་གཅིག་ལྟར་བཟུང་སྟེ་འདུལ་བྱེད་ཆོས་སྒོ་གཅིག་གིས་སྤར་བཀབ་བྱེད་པའི་རང་ལྟ་མཆོག་འཛིན་ཅན་གྱི་དགེ་ལྡན་པ་དེ་ཡང་སྲོག་ལ་བབས་ཀྱང་མི་བྱེད་སྙམ་མོ། །མདོར་ན་ངའི་འདྲེན་མཆོག་ཆོས་ཐམས་ཅད་ལ་དགོངས་པ་ནང་བྱན་ཆུད་པའི་ཆོས་ཀྱི་རྗེ་དེའི་རྣམ་པར་ཐར་པ་ལ་བློ་གྲོས་ཀྱི་མིག་གྱེན་དུ་བསྐྱོད་དེ་སྡོད་པ་ལས། གསར་མ་འོ་རྙིང་མའོ་ཞེས་པའི་བྲག་ཆ་ལ་མི་ཉན་པ་ཁོང་རང་གི་ཞལ་ཆེམས་ཁོ་ན་ལྟར་བགྱིད་དོ།། །།ཞེས་གསུངས་ཡོད། དེས་ན། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན། ཞེས་འབྲི་བརྗོད་བྱེད་དགོས།

 

གསུམ་པ། ཐ་སྙད་འདིའི་ནང་དོན།

 

འོ་ན་དེའི་དོན་ཇི་ལྟར་ཡིན་ཞེ་ན། བསྟན་པ་སྤྱི་བཙན་ཞེས་པ་ནི། བསྟན་པ་སྤྱི་དབང་བཙན་དུ་བྱས་པ་ཞེས་པའི་དོན་དང་། གང་ཟག་སྒོས་བཙན་ཞེས་པ་ནི། གང་ཟག་སྒོས་དབང་བཙན་དུ་བྱས་པ་ཞེས་པའི་དོན་ཡིན།

དཔེར་ན། ཀུན་མཁྱེན་རོང་ཟོམ་མཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོས་མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། དེའི་དབང་དུ་བྱས་ན་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེས་བྱ་སྟེ། ཚུལ་འདི་ནི་ལུང་བཙན་པར་བསྒྲུབ་པའི་ཚུལ་ཞེས་བྱའོ། །རིགས་པ་བཙན་པར་བསྒྲུབ་པའི་ཚུལ་ལྟར་ན། དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དམ་པ་ནི་བློའི་དམ་པ་སྟེ། ཞེས་གསུངས་པ་ལྟར། ལུང་དབང་བཙན་དུ་བྱས་པ་དང་། རིགས་པ་དབང་བཙན་དུ་བྱས་པ། ཞེས་པ་ལྟ་བུ། གཞན་ཡང་། གཞུང་ལུགས་ནང་ཡོངས་སུ་གྲགས་པ་ལྟར། ཀུན་རྫོབ་དབང་བཙན་དུ་བྱས་ན་ཆོས་ཐམས་ཅད་ཡོད་པ་ཡིན། དོན་དམ་དབང་བཙན་དུ་བྱས་ན་ཆོས་ཐམས་ཅད་མེད་པ་ཡིན། ཞེས་པ་ལྟ་བུ། སྣང་བ་དབང་བཙན་དུ་བྱས་ན་འདི་ལྟར་ཡིན། སྟོང་པ་དབང་བཙན་དུ་བྱས་ན་འདི་ལྟར་ཡིན། ཞེས་པ་ལྟ་བུ། གང་ཟག་དབང་བཙན་དུ་བྱེད་མི་རུང་། ཆོས་དབང་བཙན་དུ་བྱེད་དགོས། ཞེས་པ་ལྟ་བུ། ཁྲིམས་དབང་བཙན་དུ་བྱེད་དགོས་ཀྱི་གང་ཟག་དབང་བཙན་དུ་བྱེད་མི་རུང་། ཞེས་པ་ལ་སོགས་པ་ལྟ་བུ།

དེས་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བཏང་ན་ཞེས་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་དབང་བཙན་དུ་བྱས་ན་ཞེས་པའི་དོན་དང་། གང་ཟག་སྒོས་བཙན་གྱི་དབང་དུ་བཏང་ན་ཞེས་པ་ནི། གང་ཟག་སྒོས་དབང་བཙན་དུ་བྱས་ན་ཞེས་པའི་དོན་ཡིན། སྤྱི་སྒོས་གཉིས་ལས་སྤྱི་གལ་ཆེ་བར་བརྟེན། བསྟན་པ་སྤྱི་བཙན་གལ་ཆེ་བ་དང་། གང་ཟག་སྒོས་བཙན་གལ་ཆུང་བ་ཡིན།

ཡང་བསྐྱར་གསལ་དུ་བཏང་ན། ཡིད་བཞིན་ནོར་བུས། རིགས་ཚོགས་དྲུག་དང་བྱམས་ཆོས་སྡེ་ལྔ་ལ་སོགས་པ་དེ་བསྟན་པ་སྤྱི་བཙན་རེད་བཞག །རྒྱུད་སྡེ་ཁག་དེ་ཚོ་གང་ཟག་སྒོས་བཙན་རེད་བཞག ཅེས་གསུངས་པ་ཚིག་ཆ་ཚང་བརྐྱངས་ན། རིགས་ཚོགས་དྲུག་དང་བྱམས་ཆོས་སྡེ་ལྔ་ལ་སོགས་པ་དེ་བསྟན་པ་སྤྱི་དབང་བཙན་དུ་བྱས་ནས་གསུངས་པ་རེད་བཞག །ཅེས་པའི་དོན་དང་། རྒྱུད་སྡེ་ཁག་དེ་ཚོ་གང་ཟག་བྱེ་བྲག་པ་སྒོས་དབང་བཙན་དུ་བྱས་ནས་གསུངས་པ་རེད་བཞག །ཅེས་པའི་དོན་ཡིན།

མདོར་ན་གོང་གསལ་དེ་དག་ལ་བརྟེན་ནས། བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན། བསྟན་པ་སྤྱི་མཚན་དང་གང་ཟག་སྒོས་མཚན། བསྟན་པ་སྤྱི་ཚན་དང་གང་ཟག་སྒེར་ཚན། ཞེས་པ་སོགས་བྲིས་དང་འབྲི་བཞིན་པ་ནི་ནོར་བ་ཡིན་པར་བདེ་བླག་ཏུ་རྟོགས་ཐུབ། དེ་ལྟ་ན། གོང་གསལ་ཁུངས་ལུང་རྣམས་ལ་ལེགས་པར་བརྟགས་ནས་༼བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་༽ཞེས་མ་ནོར་མ་འཕྱུགས་པར་འབྲི་དགོས་པ་གལ་ཆེའོ།།

སྔ་འགྱུར་ཆོས་ཀྱི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་རྒན་ལས་ཤག་ནས། འབྲོང་ངུར་ཆོས་རྗེ་རུ་འབོད་པས། སྤྱི་ལོ་ ༢༠༡༧ ཟླ་ ༠༢ ཚེས་ ༡༡ ཉིན་བྲིས་ཤིང་། སྤྱི་ཚེས་ ༡༣ བོད་ཟླ་ ༡༢ བོད་ཚེས་ ༡༨ ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་ཉིན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤེལ་བ་དགེའོ།། དགེའོ།། དགེའོ།།

 

 

[1]  ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། དེབ་གཟུགས། པོད། ༼༡༩༽ ཤོག་གྲངས། 315 ཡིག་ཕྲེང་། བཅུ་གཅིག་པ། དཔལ་བརྩེགས་སྤར་མ།

[2] ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། དེབ་གཟུགས། པོད། ༼༡༦༽ ཤོག་གྲངས། 329 ཡིག་ཕྲེང་། བཅུ་པ།  དཔལ་བརྩེགས་སྤར་མ།

[3] རོང་སྟོན་ཤེས་བྱ་ཀུན་རིག་གསུང་འབུམ། པོད། ༼ཐ་༽ དཔེ་རིང་། ལྡེབ་གྲངས། ཉིས་བརྒྱ་ཉེར་གསུམ། ཡིག་ཕྲེང་བཞི་པ། གངས་ལྗོངས་རིས་མེད་གསུང་རབ་སྤར་ཁང་།

[4] སྔ་འགྱུར་བཀའ་མ་རྒྱབ་ཆོས་སྐོར་གསང་སྙིང་ལོ་ཆེན། པོད། ༼གི་ ཨེ་༽དཔེ་རིང་། ལྡེབ་གྲངས། བརྒྱ་སུམ་ཅུ། ཡིག་ཕྲེང་། བཞི་པ།

[5] ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། དེབ་གཟུགས། ཤོག་གྲངས། 171 ཡིག་ཕྲེང་། ཉེར་དྲུག་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

[6] མཁན་ཆེན་ངག་དབང་དཔལ་བཟང་གསུང་འབུམ་གླེགས་བམ་དགུ་པ། དཔེ་རིང་། སྤྱིའི་ཤོག་གྲངས། 255 ཡིག་ནག་བྲིས་མའི་ཤོག་གྲངས། 189 ཡིག་ཕྲེང་། བཞི་པ།

[7] དབུས་བཟའ་མཁའ་འགྲོའི་གསུང་འབུམ། དེབ་གཟུགས། པོད་དྲུག་པ། ཤོག་གྲངས། 115 ཡིག་ཕྲེང་། དྲུག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

[8] སྙན་དགོན་སྤྲུལ་སྐུ་གསུང་རབ་པའི་གསུང་འབུམ། པོད་གཉིས་པ། དེབ་གཟུགས། ཤོག་གྲངས། 268-271 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *