བདེ་བ་དང་སྡུག་བསྔལ།

བདེ་བ་དང་སྡུག་བསྔལ།

འཇིག་རྟེན་འདིར་སྡུག་བསྔལ་ལ་སྡུག་བསྔལ་དུ་ངོ་ཤེས་མཁན་རེས་འགའ་ཙམ་ལ། བདེ་བ་ལ་བདེ་བར་ངོ་ཤེས་མཁན་ཀྱང་རེས་འགའ་ཙམ། བདེ་བ་ལ་སྡུག་བསྔལ་དུ་འཛིན། སྡུག་བསྔལ་ལ་བདེ་བར་འཛིན། ཁ་ཅིག་བདེ་བའི་ཆེད་དུ་ཚེ་གང་སྡུག་བསྔལ་མྱོང་ཞིང་། ཁ་ཅིག་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ནས་ཚེ་གང་བདེ་སྐྱིད་ཀྱི་ནོར་བུར་སྤྱོད།

ཆ་མི་སྙོམས་ཤིང་རྟག་བརྟན་བྲལ་བའི་འཇིག་རྟེན་འཁོར་བ་འདིར། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འདོད་པ་དང་མི་འདོད་པ་གཉིས་པོ་དེའི་དབང་གིས། རྐང་པ་ས་ལ་འཛུགས་ལོང་མེད་ལ། མིག་གིས་རྒྱང་ལ་ལྟ་ལོང་མེད། ཁ་ནས་ཐོན་ཚད་བདེ་བ་དང་བདེ་བ། སྐྱིད་པོ་དང་སྐྱིད་པོ། དོན་དངོས་ཐོག་བདེ་སྐྱིད་ཀྱི་ངང་ནས་མི་ཚེ་འཁྱོལ་མཁན་ག་ཚོད་ཡོད་དམ།

ལོ་རྒྱུས་ཐོག་རླབས་ཆེན་གྱི་མི་སྣ་འགས། རང་ཉིད་ཀྱི་གོས་ལ་ལྷན་པའི་རི་བོ་བརྩིགས་ནས་སྐྱེ་བོ་དུང་ཕྱུར་མང་པོར་དྲོ་སྐྱིད་ལྡན་པའི་གྱོན་གོས་ཐོབ་ཐུབ་པ་གནང་འདུག་ལ། འཇིགས་སུ་རུང་བའི་ནགས་ཚལ་དང་གཡང་གཟར་བཏུལ་ནས་སྐྱེ་བོ་ཁྲི་འབུམ་མང་པོར་དག་པའི་ཞིང་ཁམས་མི་ཡུལ་དུ་བསྐྲུན་ཡོད།

ཕུན་སུམ་ཚོགས་པའི་བདེ་བ་ཞིག་དང་། ངོ་མཚར་ཅན་གྱི་སྐྱིད་སྣང་ཞིག་ཐོབ་འདོད་ན། ང་ཚོས་ལམ་ཁ་གང་འདྲ་ཞིག་བསྟེན། བདེ་བའི་ལམ་ཁ་ནི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་གྱི་ལམ་ཁ་ནི་བདེ་བ་ཡིན། ཡང་ན། སྡུག་བསྔལ་ནི་བདེ་བའི་འབྱུང་གནས་ཡིན་ལ། བདེ་བ་ནི་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན། བློ་སྤོབས་བྱེད་འོས་པའི་ཕྱི་ནང་གཉིས་འཛོམས་ཀྱི་བདེ་སྐྱིད་རྨད་དུ་བྱུང་བ་ཞིག་ཐོབ་པར་ཆེས་སྡུག་བསྔལ་མི་བཟད་པའི་ལམ་བུ་ཞིག་ངེས་པར་བརྒྱུད་དགོས་སམ།

ཁ་ཅིག་བདེ་བར་སྣང་ཡང་བདེ་བ་མེད་ཟེར་ལ། ཁ་ཅིག་སྡུག་བསྔལ་བར་མཐོང་ཡང་བདེ་སྐྱིད་ཕུན་སུམ་ཚོགས་སོ་ཟེར། ཡང་སྙིང་། བདེ་བ་དང་སྡུག་བསྔལ་ནི། རང་གི་བསམ་བློ་གཏོང་ཕྱོགས་ཙམ་ཞིག་ཡིན་ནམ། བླ་ན་མེད་པའི་བདེ་བ་དང་། ཕུན་སུམ་ཚོགས་པའི་སྐྱིད་པོ། དེའི་ཆེད་དུ་སྐྱེ་བོ་ཀུན་ཉིན་རྒྱུགས་མཚན་རྒྱུགས་བྱེད་བཞིན་པའང་རང་གི་སེམས་ཆུང་འདི་སྡོད་མ་ཚུགས་ཙམ་ཞིག་ཡིན་ནམ་ཅི།

འབྲོང་ངུར་ཆོས་རྗེ་མཚོ་བྱུང་དགྱེས་པའི་དབང་པོས། ༢༠༡༣། ༠༢། ༠༤། ཉིན།

རླབས་ཆེན་མི་སྣ་ཞིག་གི་ལོ་རྒྱུས་དེབ་ཆུང་གསུམ་བཀླགས་རྗེས་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *