སྟོང་ཉིད་ལུང་བསྟན་དང་རྡོ་རྗེའི་བརྡ་རྟགས་བཞུགས་སོ།།

༄༅། །སྟོང་ཉིད་ལུང་བསྟན་དང་རྡོ་རྗེའི་བརྡ་རྟགས་བཞུགས་སོ། །

 

༄༅། །ཨེ་མ་ཧོ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་རིག་པའི་མཁར་སྒོ་ནས། །ཉི་མའི་འཆར་སྒོ་ཤར་ནས་ཤར། །ལྷོ་འགྲོ་དྲུག་བདེ་བའི་ཆར་ཞིག་བབས། །ནུབ་ཆུ་འཛིན་སྤྲིན་དཀར་གཡོ་ཞིང་འགུལ། །བྱང་ཕྱོགས་གཡུ་ཡི་ན་བུན་འཐིབས། །དབུས་ན་འཇའ་འོད་གུར་ཁང་ཕུབས། །འཇའ་གུར་དེ་ཡི་ནང་ཤེད་ན། །སེང་ལྕམ་གླིང་སྒྲ་ལྷངས་སེ་ལྷང༌། །རྔ་དུང་རོལ་མོ་འུ་རུ་རུ། །དར་གྱི་ཅོད་པན་སྤུངས་སེ་སྤུང། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །དེ་འདྲ་ཤར་བའི་སྣང་བ་ལ། །སྐད་ཅིག་གཅིག་གི་གོང་ཐོག་ལ། །ཉི་མ་ཤར་གྱི་ཕྱོགས་རོལ་ནས། །མེ་ཞགས་འཁྱིལ་བའི་ནང་ཤེད་དུ། །མི་དམར་རྟ་དམར་ཡབ་ལེ་བ། །མདོག་དམར་གཤིན་རྗེའི་ཞལ་ངོ་ཅན། །དཔྲལ་བ་མི་མགོའི་ཏོག་གིས་བརྒྱན། །དབུ་ལ་སྦྲུལ་གྱི་ཆུན་པོས་བཅིངས། །གཡོན་པས་མི་སྙིང་དམར་པོ་ཁྱེར། །དབུགས་ཀྱི་རླངས་པ་ཀྱི་ལི་ལི། །སྐུ་ལ་བེར་ཆེན་དམར་པོ་གསོལ། །དེ་ལ་དུག་གི་རླངས་པ་འཁྲིགས། །སྙིང་ཁ་ཐུགས་གསལ་མེ་ལོང་བཏགས། །སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། །ཕོ་རྒྱུད་པུས་མོ་གཡས་པ་རུ། །ཡི་གེ་ཧྲཱི་ཡིག་དམར་པོ་གསལ། །མོ་རྒྱུད་པུས་མོ་གཡོན་པ་ལ། །ཡི་གེ་བྷྱོ་ཡིག་ནག་པོ་རྔམ། །ཞབས་ལ་སྟག་ལྷམ་རི་མོའི་ནང༌། །ཧཱུྃ་ཕཊ་རྒྱོབ་སོད་བརྡ་ཡིག་གསལ། །གློག་རྟ་ཁ་དཀར་དུང་གི་འཛི། །རྣ་རྩེ་ཐོག་སྦྲང་ཟི་རི་རི། །སྤུ་གྲ་འཇའ་ཚོན་ཀྱི་ལི་ལི། །རྔ་རྔོག་མེ་དཔུང་འུ་རུ་རུ། །རྗེས་བཞི་ཚྭ་ལ་ཕུབས་སེ་ཕུབ། །མདོག་མཚུངས་གློག་གི་སྒ་སྲབ་གསོལ། །སྔོན་ནས་ཟ་བྱེད་འབར་བ་གདོང་དམར་བརྒྱད། །གཡས་ན་རྒྱུག་བྱེད་ཤ་གཟན་སྤྱང་ཀི་བརྒྱད། །རྒྱབ་ན་སྒྲོལ་བྱེད་གྲི་ཐོགས་ཤན་པ་བརྒྱད། །གཡོན་ན་རྔམ་བྱེད་རོལ་གཤན་ཉི་ཤུ་གཅིག །ཁྲ་འུག་དུར་བྱ་མང་པོ་ཀླད་ལ་ལྡིང༌། །ཤ་གཟན་རྐང་སྒྲ་ཐགས་སེ་ཐག །ཁྲག་འཐུང་ཧུབ་སྒྲ་འུ་རུ་རུ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །དེ་འདྲ་ཐོས་པའི་སྣང་བ་ལ། །རང་ཉིད་གནས་པའི་༼སེབ་ཁྲ་༽རྒྱབ་ཕྱོགས་ལ། །དམུ་བདུད་བཙན་གསུམ་གནས་པའི་ས། །དེ་ཡི་མདུན་གྱི་ངོས་རོལ་ན། །ས་ཆུ་ཟླ་ཚེས་དགུ་བརྩེགས་དབྱིབས། །རྡོ་ལིང་རོ་འདྲ་བའི་གདན་སྟེང་ལ། །མི་དམར་འཇིགས་སུ་རུང་བ་དེ། །དེ་ཡི་སྟེང་དུ་ཧྲིལ་གྱིས་བསྡད། །འཁོར་དུ་བྱ་རིགས་དགུ་ལྔས་བསྐོར། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་བལྟས། །མི་དམར་འཇིགས་སུ་རུང་བ་དེས། །མཐོ་ནམ་མཁའ་ལ་བལྟས་ནས་ཀི་གསུམ་བརྒྱབ། །དམའ་ས་གཞི་ལ་བལྟས་ནས་ཤུ་གསུམ་བརྒྱབ། །བར་སྣང་བརྒྱུད་ལ་བརྡ་གསུམ་བརྒྱབ། །དེ་འདྲ་བྱས་པའི་དུས་ཚོད་ལ། །ནམ་མཁའ་ལྷ་ཡི་སྡེ་ཚོགས་དང༌། །བར་སྣང་གཉན་གྱི་སྡེ་ཚོགས་དང༌། །ས་གཞི་ཀླུ་ཡི་སྡེ་ཚོགས་བཅས། །གནམ་ས་ཐམས་ཅད་གཡོ་ཞིང་འགུལ། །རི་རབ་ཐམས་ཅད་གང་ནས་འོང༌། །ཡོམ་ཡོམ་ཤིག་ཤིག་ངང་ནས་སླེབས། །དེ་འདྲ་ཤར་བའི་སྣང་བ་ལ། །མི་དམར་འཇིགས་སུ་རུ་བ་དེས། །རྒོད་དྲག་པོའི་རྐན་སྒྲ་ལན་གསུམ་བརྡབས། །གདོང་ཟུར་གསུམ་ངོས་ཀྱི་ཕྱོགས་སུ་བལྟས། །ལྕེ་ཧྲཱིཿཡིག་དམར་པོའི་བརྡ་ཡིག་གསལ། །ངག་རྡོ་རྗེའི་ཐ་ཚིག་འདི་སྐད་བརྗོད། །ཀྱཻ་ནམ་མཁའ་ལྷ་ཡི་སྡེ་ཚོགས་དང༌། །བར་སྣང་གཉན་གྱི་སྡེ་ཚོགས་དང༌། །ས་གཞི་འཇིག་རྟེན་སྐྱེ་འགྲོའི་མི། །ཁྱོད་འབྲོང་ངུར་སྟག་གི་ཤམ་ཐབས་ཅན། །ནང་སེམས་ཉིད་རིག་པ་གཏན་ལ་ཕོབས། །སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ། །བར་དུ་སེང་ཆེན་བླ་མའི་ལུང༌། །ཐ་མ་འཇམ་མགོན་སྤྱན་སྔ་རུ། །རྒྱ་ནག་རི་བོ་རྩེ་ལྔ་ན། །འཇམ་དཔལ་རིགས་ལྔའི་གནས་ཡུལ་ནས། །འཇམ་དཔལ་དམར་པོའི་གནས་སྲུང་ལ། །ང་བེག་རྩེ་བཙན་གྱི་རྒྱལ་པོ་ཟེར། །བརྡ་ཚིག་ལུང་བསྟན་ཆས་སུ་གསལ། །དཔྲལ་བ་མི་མགོའི་ཏོག་གིས་བརྒྱན། །བསྟན་པའི་ས་བཅུ་ཐོབ་པའི་རྟགས། །དབུ་ལ་སྦྲུལ་གྱི་ཆུན་པོས་བཅིངས། །བསྟན་དགྲ་ཀླུ་བདུད་ཟིལ་གྱིས་གནོན། །གཡས་ཀྱི་ཟངས་གྲི་འབར་བ་འདི། །ཡུ་བ་རྡོ་རྗེའི་རྩེ་མོ་དགུ། །བསྟན་དགྲ་དགུ་སྒྲོལ་ཟངས་གྲི་ཟེར། །གཡོན་པའི་མི་སྙིང་དམར་པོ་འདི། །དབུགས་ཀྱི་རླངས་པ་ཀྱི་ལི་ལི། །བསྟན་དགྲ་དམ་ཉམས་སྲོག་སྙིང་ཟེར། །སྐུ་ལུས་བེར་ཆེན་དམར་པོ་འདི། །བེར་ཆེན་དུག་གི་རླངས་པ་འཁྲིགས། །བསྟན་པའི་བེར་ཆེན་དམར་པོ་ཟེར། །སྙིང་ཁར་ཐུགས་གསལ་མེ་ལོང་འདི། །སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། །འདས་མ་འོངས་ད་ལྟ་གསལ་ལེར་ཤར། །བསྟན་པ་གསལ་བའི་མེ་ལོང་ཟེར། །ཕོ་རྒྱུད་པུས་མོ་གཡས་པ་ལ། །ཡེ་གེ་ཧྲཱི་ཡིག་དམར་པོ་གསལ། །བསྟན་དགྲ་ཕོ་རྒྱུད་ཆམ་ལ་འབེབས། །མོ་རྒྱུད་པུས་མོ་གཡོན་པ་ལ། །ཡི་གེ་བྷྱོ་ཡིག་ནག་པོ་རྔམ། །བསྟན་དགྲ་མོ་རྒྱུད་དབང་དུ་བསྡུས། །ཞབས་ལ་སྟག་ལྷམ་རི་མོའི་ནང༌། །ཧཱུྃ་ཕཊ་རྒྱོབ་སོད་བརྡ་ཡིག་གསལ། །བསྟན་དགྲ་དམ་སྲི་རྡུལ་དུ་རློག །གློག་རྟ་ཁ་དཀར་དུང་གི་འཛི། །བསྟན་རྟ་འཇིགས་མེད་ཁ་དཀར་ཟེར། །མདོག་མཚུངས་གློག་གི་སྒ་སྲབ་གསོལ། །བསྟན་པ་འཛིན་པའི་སྒ་སྲབ་ཟེར། །འཁོར་དུ་བྱ་རིགས་དགུ་ལྔའི་འཁོར། །རེ་རེའི་མིང་ནས་བརྗོད་ཚོད་མེད། །བསྟན་པ་སྐྱོང་བའི་འཁོར་ལྔ་ཟེར། །

ཀྱཻ། གངས་ཅན་བོད་ཀྱི་ཤར་ཕྱོགས་སུ། །རྩེ་དྲུག་རི་ཡི་ནུབ་ཀྱི་ངོས། །དག་པ་ཤེལ་རིའི་བྱང་ངོས་སུ། །ཤེལ་ལུང་གཏེར་སྒོ་ལྷོ་ངོས་དབྱིབས། །དབུས་སྦས་ཡུལ་ནགས་ཀྱི་ཡུལ་ལྗོངས་འདི། །རུས་སྦལ་འདྲ་བའི་སྙིང་ལ་ཆགས། །རི་བོ་ཐམས་ཅད་རུས་པའི་རི། །ཆུ་རྣམས་ཐམས་ཅད་བདུད་རྩིའི་ཆུ། །རྩི་ཤིང་ཐམས་ཅད་མདའ་དང་མདུང༌། །སྒྲ་སྐད་ཐམས་ཅད་ངུར་བའི་སྒྲ། །བུང་བས་གླུ་ལེན་ཁོར་རོ་རོ། །ལྷ་བྱའི་གསུང་སྙན་ཀྱུ་རུ་རུ། །དེ་འདྲ་ནགས་ཀྱི་ཡུལ་ལྗོངས་ལ། །ངོ་མཚར་ལྡན་པའི་ས་གཞི་རེད། །སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ། །བར་དུ་སེང་ཆེན་བླ་མའི་ལུང༌། །ཐ་མ་འཇམ་མགོན་སྤྱན་སྔ་རུ། །སྤྲུལ་པ་སཱུརྱའི་མིང་ཅན་༼རིག་འཛིན་ཉི་མ་གྲགས་པ་༽དེ། །སྐྱེ་བ་ཉི་ཤུའི་འགྲོ་དོན་དེ། །ནགས་དབུས་མོ་རོང་གི་ཤར་ཕྱོགས་སུ། །ཁམས་སྲིན་མོ་རྫོང་གི་གནས་བདག་བྱས། །ལྗོངས་པ་ནགས་ཀྱི་ཡུལ་གྲུ་ལ། །ཁམས་སྲིན་མོ་རྫོང་ཆེན་གཙོར་བྱས་པའི། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ལ། །སྔོན་བྱོན་གནས་ཡུལ་བརྒྱ་དང་བརྒྱད། །འཁྲུད་བྱེད་ཁྲུས་སྒོ་བརྒྱ་དང་བརྒྱད། །ས་འདུལ་དུར་ཁྲོད་བརྒྱ་དང་བརྒྱད། །སུམ་བརྒྱ་ཉེར་བཞིའི་གནས་མཆོག་དེ། །སྤྲེལ་ལོ་གང་ཚེས་སྒོ་མོ་ཕྱེ། །ཡུལ་ཉི་ཤུ་རྩ་བཞིའི་གནས་ཀྱི་མགྲོན། །སྟོང་ཉིད་ངང་ནས་འབྱོན་ཙམ་བྱེད། །ཉི་ཤུ་རྩ་བཞིའི་ཁྲུས་ཀྱི་ཆུ། །བདུད་རྩིའི་བརྒྱུད་ནས་འབབ་ཙམ་བྱེད། །ཉི་ཤུ་རྩ་བཞིའི་དུར་གྱི་ས། །འདུལ་བྱེད་ངང་ནས་འབྱོན་ཙམ་བྱེད། །རྡོ་རྗེའི་མཐའ་སྐོར་༼ནགས་ཤོད་རང་བསྐོར་༽སོང་བའི་ཚེ། །འབྲུ་དྲུག་ཡི་གེ་དྲུག་མ་དེ། །དུང་དཀར་བརྒྱ་དང་བརྒྱད་ཀྱི་གནས། །ངོ་མཚར་ལྡན་པའི་ས་གཞི་ལ། །བྱིན་རླབས་ལྡན་པའི་གནས་ཡུལ་དེ། །སྐྱབས་གནས་ཀུན་འདུས་བླ་མ་ཁོང༌། །ལྗོངས་པ་ནགས་ཀྱི་ཕྱོགས་རོལ་ན། །གནས་བླ་མ་གཉིས་ཀྱི་ཆགས་ཡུལ་རེད། །

ཀྱཻ། སྤྲུལ་པ་ཐུབ་པའི་མིང་ཅན་༼ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་༽དེ། །སྐྱེ་བ་བཅུ་གཅིག་གདུལ་ཞིང་དེ། །གདུལ་ཞིང་གཉེན་པོ་ནུབ་ལ་ཕེབས། །ནུབ་དབུས་༼བྱང་ནག་ཆུ་ཁ་༽རྒལ་གཤིན་རྗེའི་ཐང་ལ་ཕེབས། །སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ། །བར་དུ་སེང་ཆེན་བླ་མའི་ལུང༌། །ཐ་མ་འཇམ་མགོན་སྤྱན་སྔ་རུ། །མཐའ་དམག་བཟློག་པའི་ཁ་གནོན་ལ། །རེ་ཞིག་གཟུགས་སྐུ་ཆོས་དབྱིངས་བསྡུས། །ད་དུང་སྐྱེ་དགུ་རིམ་བཞིན་འབྱོན། །བརྡ་རྟགས་རིམ་བཞིན་གསལ་རྒྱུ་ཡོད། །

ཀྱཻ། མི་གཟུགས་སྟག་གི་རི་མོ་ཅན། །ཡང་ཅིག་རིག་པ་གཏན་ལ་ཕོབས། །ཁྱེད་སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ། །བར་དུ་སེང་ཆེན་བླ་མའི་ལུང༌། །ཐ་མ་འཇམ་མགོན་སྤྱན་སྔ་རུ། །སྐྱེ་བ་བཅུ་གསུམ་གནས་ཡུལ་དེ། །ནགས་འུར་རོང་གི་བྱང་ཕྱོགས་སུ། །བྱང་ཕྱོགས་ཉང་གི་རོང་སྒོ་ལ། །སྐྱེ་བ་དང་པོའི་གོང་རོལ་ན། །འབྲོང་གངས་པ་༼འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་གངས་པ་རིན་ཆེན་འོད་ཟེར་༽ཞེས་བྱའི་མིང་ཅན་དེས། །ངོ་མཚར་ཕུག་༼ནགས་ཤོད་བྱང་གི་རི་ཆེན་མེ་མོ་བྲག་དཀར་༽པའི་གནས་བདག་བྱས། །ཉང་གི་ཆུ་བོ་ཀ་ལ་དུང་མཚོའི་མདངས། །ཤག་གི་ཆུ་མོ་དམར་ནག་རཀྟ་འཕྲོ། །ངོ་མཚར་མཁའ་འགྲོའི་ཕུག་པ་དེ། །ཕྱི་ལྷ་གུར་མཐོང་བ་ཀུན་སྨོན་དབྱིབས། །ནང་ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་གནས། །བར་ཕྱོགས་བཅུའི་རྒྱལ་སྲས་སྤྲིན་ལྟར་གཏིབས། །རྗེ་པད་འབྱུང་བྱིན་གྱིས་བརླབས་པའི་གནས། །སྐུ་སེང་ཆེན་དཔོན་གྱི་སྒྲུབ་གནས་ལ། །གླིང་དཔའ་བརྟུལ་སུམ་ཅུའི་གདུལ་ཞིང་ལ། །དེ་འདྲའི་གནས་ཀྱི་བདག་པོ་བྱས། །བརྡ་རྟགས་རིམ་པ་མང་པོ་བསྩལ། །དེ་ནས་སྐྱེ་བ་འགའ་ཞིག་སོང༌། །སྐྱེ་སྐེག་སོ་བརྒྱད་གོང་ཐོག་ལ། །བསྟན་པ་འཕེལ་འགྲིབ་བྱུང་བའི་དུས། །ཉེས་མེད་ཆོམ་རྐུན་ཁྲིམས་རར་༼༡༩༥༩༽ཚུད། །ལོ་གསུམ་ནགས་ཀྱི་ལྗོངས་ལ་སོང༌། །སྨད་ཀྱི་སྦྲུལ་མདའ་རོང་༼འབྲི་རུ་རྫོང་༽སྒོ་བསྡད། །བདུད་འདྲེ་དམ་སྲི་བྱ་མཆུ་དེ། །ཕར་གནོད་ཚུར་གནོད་ངང་ལ་བསྡད། །ལོ་གསུམ་ནག་སྟོད་༼ནག་ཆུ་ཁ་༽ཡུལ་ལ་བསྡད། །ཤིང་མོ་སྦྲུལ་༼༡༩༦༥༽གྱི་ལོ་མཇུག་དང༌། །མེ་ཕོ་རྟ་༼༡༩༦༦༽ཡི་ལོ་འགོ་ལ། །འགྲོ་དྲུག་སྒྲིབ་པ་དག་མཚམས་སུ། །ཐུབ་དྲུག་ལྷ་ཞལ་མཇལ་སྣང་ཤར། །ཡར་བླ་མ་དཀོན་མཆོག་སྐྱབས་འཇུག་ཞུས། །བར་དཔའ་བོ་མཁའ་འགྲོར་འབུལ་སྐུལ་བྱས། །མཐར་བཀའ་སྲུང་དྲག་པོར་བདེན་པ་བདར། །སྐྱབས་མཆོག་གསོལ་བཏབ་ཐུགས་རྗེ་ཡིས། །ཆོམ་རྐུན་ཁྲིམས་ལོག་འགོ་པ་དེ། །བློ་ཁ་ཅུང་ཟད་ལྷ་ཡིས་བསྒྱུར། །དེ་འདྲ་བྱུང་བའི་སྐབས་དང་བསྟུན། །རྟ་ཟླའི་ཚེས་དྲུག་ཉི་ཤར་དུས། །ཕ་ཡུལ་ཉང་༼ཤག་ཆུ་༽གི་ཕྱོགས་སུ་འོང༌། །རུ་མཚོན་འདུ་བའི་ས་ཡུལ་སླེབས། །དེ་ནས་ཚུར་ལ་བརྒལ་བའི་དུས། །སེམས་ཉིད་རིག་པ་མར་མེའི་ནང༌། །རྟེན་འབྲེལ་རབ་འབྲིང་གསུམ་ཙམ་བརྟགས། །མ་འགྲིགས་རྟེན་འབྲེལ་སྣེ་གཅིག་མེད། །ད་ལྟའི་དུས་སྐབས་ཡན་ཆད་ལ། །ལོ་གཅིག་ཟླ་དྲུག་ཞག་གཉིས་མཚམས། །རུ་མཚོན་ཐུང་ངུའི་བསྟན་པ་ཤར། །ཕྱི་ནས་སྡིག་པའི་ན་བུན་གཡོ། །ནང་ན་ཁྲག་གི་ཐིགས་པ་འཐིག །བར་ན་སྒྱུ་མའི་འཁྲུལ་འཁོར་སྐོར། །ཐ་མ་རྒྱ་ཡུལ་ཀྱེ་མ་ཧུད། །གསང་བ་ཨ་ལ་ཐ་ལ་རེད། །ཉི་ཤུ་རྩ་བཞིའི་གནས་ཀྱི་ས། །འགྲོ་དབང་མེད་པའི་དུས་སྐབས་སླེབས། །ཉི་ཤུ་རྩ་བཞིའི་ཁྲུས་ཀྱི་ཆུ། །འཁྲུད་དབང་མེད་པའི་དུས་སྐབས་ཤར། །ཉི་ཤུ་རྩ་བཞིའི་དུར་གྱི་ས། །འཇོག་དབང་མེད་པའི་དུས་སྐབས་སླེབས། །

ལྗོངས་པ་ནགས་ཀྱི་ཡུལ་གྲུ་ལ། །སུམ་བརྒྱ་ཉེར་བཞིའི་གནས་ཀྱི་ཁོངས། །ངོ་མཚར་ཉང་གི་ཕྱོགས་རོལ་ལ། །སྔོན་བྱོན་གནས་ཡུལ་བཅུ་རུ་ཡོད། །འཁྲུད་བྱེད་ཁྲུས་སྒོ་བཅུ་དེ་གསལ། །དེ་མཚུངས་ས་འདུལ་དུར་ཁྲོད་བཅུ། །སུམ་ཅུ་བརྩེགས་པའི་གནས་མཆོག་ཡིན། །མདོར་བསྡུས་ཚིག་གི་བརྡ་ཚིག་འདི། །སྟོང་ཉིད་ངང་ནས་ལུང་བསྟན་བསྩལ། །རྡོ་རྗེའི་རྒྱུད་ནས་བརྡ་རྟགས་གསལ། །གཙོ་བོ་ངོ་མཚར་གནས་རི་༼མེ་མོ་༽ལ། །ཤར་ཕྱོགས་ཕོ་རྒྱུད་དཔའ་བོ་རི། །ལྷོ་ནི་མོ་རྒྱུད་མཁའ་འགྲོའི་ཆུ། །ནུབ་ན་གསང་རྒྱུད་རྡོ་རྗེའི་བྲག །བྱང་ན་ཤེལ་རྒྱུད་དྲིལ་བུ་ས། །དབུས་ལ་ཟུང་འཇུག་དབུ་མ་རི། །ས་གནམ་པདྨ་ཁ་སྤྲོད་ལ། །རི་རྩེ་དུང་གི་ཁུ་འཕངས་འབབ། །བཀའ་མདོ་སྔགས་བླ་མ་སྤྲིན་ལྟར་གཏིབས། །རི་སྐེད་འཇའ་འོད་གུར་ཁང་ནང༌། །ཁྲོ་བོ་ལྷ་ཚོགས་སྐར་ལྟར་གཡོ། །རི་མཐའ་གཡུ་ཡི་ན་བུན་འཐིབས། །ཆོས་སྐྱོང་སྲུང་མ་མེ་ལྟར་འབར། །

གནས་ཁྲུས་དྲུར་ཁྲོད་༼མེ་མོ་༽དང་པོ་ལ། །ངོ་མཚར་མཁའ་འགྲོའི་ཕུག་པ་དེ། །སེང་གདོང་སྡེ་ལྔའི་གནས་མཆོག་ལ། །ཤར་སེངྒེའི་ཁ་ནས་ཆུ་མོ་འབབ། །སྐྱེ་འགྲོ་འཁྲུད་པའི་ཁྲུས་སྒོ་ཟེར། །སེང་གདོང་ཀུན་འདུས་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་གཉིས་པ་༼སུལ་དྲུག༽ལ། །ཤར་ན་གཡང་ལྷ་རིགས་ལྔའི་གནས། །ལྷོ་ན་ལྷ་བདུད་གཉིས་ཀྱི་གངས། །ནུབ་ན་ཀླུ་བརྒྱད་དུང་སྐྱོང་རྡོ། །བྱང་ན་ལྷ་རྟ་རྐྱང་བུ་ལུང༌། །དབུས་ན་ཐུབ་པ་དྲུག་གི་རི། །པད་ཟླའི་གདན་དྲུག་ཁྲུས་སྒོ་ལ། །འགྲོ་དྲུག་འདྲེན་པའི་ཁྲུས་སྒོ་ཟེར། །༼དེ་མཚུངས་༽  ཐུབ་དྲུག་ཀུན་འདུས་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་གསུམ་པ་༼མཉེན་མཐའ་༽ལ། །ཤར་ན་རྟ་ཕག་ཡབ་ཡུམ་རི། །ལྷོ་ན་དགྲ་ལྷ་རིགས་ལྔའི་བྲག །ནུབ་ན་དུར་བདག་མ་མོའི་བྲག བྱང་ན་དཔའ་རོགས་སྤྱང་ཀིའི་གནས། །དབུས་འདོད་ཡོན་ཐང་ཆེན་ཉི་ཟླའི་སྟེང༌། །ནུབ་རྟ་མཆོག་ཁ་ནས་ཆུ་མོ་འབབ། །ཀླུ་གདོན་འདུལ་བའི་ཁྲུས་སྒོ་རེད། ༼དེ་མཚུངས་༽ །རྟེན་འབྲེལ་རོལ་བའི་དུར་ཁྲོད་ཡོད། །ཕར་ཕྱིན་སྦྱིན་པའི་༼འབྲོང་སྣ་དགོན་གྱི་བླ་མ་ངག་དབང་སྦྱིན་པ་༽མིང་ཅན་དེས། །གདུལ་ཞིང་སྔོན་ནས་མཛད་ནས་ཐལ༌། །བརྡ་རྟགས་རིམ་པ་མང་པོ་བསྩལ། །

གནས་ཁྲུས་དུར་ཁྲོད་བཞི་པ་༼རི་ཡུམ་ཚ་འགགས་༽ལ། །ཤར་ན་རྡོ་རྗེ་མཁའ་འགྲོའི་རི། །ལྷོ་ན་རིན་ཆེན་མཁའ་འགྲོའི་ཐང༌། །ནུབ་ན་པདྨ་མཁའ་འགྲོའི་བྲག བྱང་ན་ལས་ཀྱི་མཁའ་འགྲོའི་རི། །ལྷོ་ན་རིན་ཆེན་མཁའ་འགྲོའི་ཐང༌། །ནུབ་ན་པདྨ་མཁའ་འགྲོའི་བྲག །བྱང་ན་ལས་ཀྱི་མཁའ་འགྲོའི་ས། །དབུས་ན་བུདྡྷ་མཁའ་འགྲོའི་ཆུ། །མོ་རྒྱུད་འཁྲུད་པའི་ཁྲུས་སྒོ་ལ། །རིགས་ཡུམ་འབྲུག་མོའི་ཁྲུས་སྒོ་རེད།༼དེ་མཚུངས་༽།མཁའ་འགྲོ་ཀུན་འདུས་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་ལྔ་པ་༼རག་ཆོད་གཡང་དིལ་༽ལ། །གཡས་ན་མཁའ་འགྲོ་བྱེ་བ་འབུམ། །རྒྱབ་ན་མཁའ་ལྡིང་ཁྱུང་གི་རྫོང༌། །གཡོན་ན་བཀྲ་ཤིས་རྟགས་བརྒྱད་གནས། །མདུན་ན་ལྷ་ཀླུ་གཉན་གསུམ་མོ། །དབུས་ས་གཞི་ཉི་ཟླའི་ཁ་བར་ནས། །ཁྱུང་ཆེན་ཁ་ནས་ཆུ་མོ་འབབ། །གཉན་ཚད་འཁྲུད་པའི་ཁྲུས་སྒོ་ལ།༼དེ་མཚུངས་༽།གཉན་ཚད་རོལ་པའི་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་དྲུག་པ་༼ཝ་ཐང་༽ལ། །ཤར་ན་བཛྲ་ཀཱི་ལ་ཡ། །ལྷོ་ན་རཏྣ་ཀཱི་ལ་ཡ། །ནུབ་ན་པདྨ་ཀཱི་ལ་ཡ། །བྱང་ན་ཀརྨ་ཀཱི་ལ་ཡ། །དབུས་ནས་བུདྡྷ་ཀཱི་ལ་ཡ། །ས་གནམ་ཆོས་འབྱུང་སྣོལ་མར་ལ། །ཤར་རི་སྟག་མོ་རི་ཁྲའི་རི། །ལྷོ་ཆུ་གཡུ་འབྲུག་ཟིལ་གནོན་ཆུ། །ནུབ་ཏུ་འབྱོར་ཆེན་རྨ་བྱའི་བྲག །བྱང་ནས་དཔལ་ཆེན་རུས་སྦལ་རྡོ། །དབུས་ན་རི་བོ་གླང་ཆེན་འགྱིངས། །གླང་ཆེན་ཁ་ནས་ཆུ་མོ་འབབ། །བྲག་དམར་ཆ་ལང་ཁ་འགྲིགས་ནང༌། །སྟེང་ན་གཟའ་སྐར་མི་གསལ་བ། །ཕོ་རྒྱུད་འཁྲུད་པའི་ཁྲུས་སྒོ་ལ། །སེང་ཆེན་དཔའ་བོའི་ཁྲུས་སྒོ་རེད། །༼དེ་མཚུངས་༽དཔའ་བོ་རོལ་བའི་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་བདུན་པ་༼ཚ་འགག་༽ལ། །གཡས་ན་རི་བོ་དཔལ་འབར་ལ། །རྒྱབ་ན་འཁོར་ལོ་རྩེ་བརྒྱད་ཟེར། །གཡོན་ན་རི་བོ་མདངས་ལྡན་ངོས། །མདུན་ན་ཆུ་མོ་ཟླ་ཚེས་དབྱིབས། །ས་གནམ་རྡོ་རྗེའི་རྒྱ་གྲམ་ལ། །རྡོ་རྗེའི་རྩེ་ནས་ཆུ་མོ་འབབ། །ཐོག་རྒོད་འབྱུང་འདུལ་དུར་ཁྲོད་ཟེར།༼དེ་མཚུངས་༽།འབྱུང་འདུལ་རོལ་བའི་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་བརྒྱད་པ་༼ཐང་དཀར་༽ལ། །གཡས་རི་རྒྱ་གུར་པདྨའི་མདངས། །རྒྱབ་ན་གཤིན་ལ་ཁྲ་བོའི་ལ། །གཡོན་ན་རྒྱལ་པོའི་སྐོར་མཛོད་དབྱིབས། །མདུན་ན་གཤིན་ཐང་སྐྱ་མོའི་ཐང༌། །དཔའ་བརྟུལ་སུམ་ཅུའི་ས་འདུལ་ལ། །ངོ་མཚར་རྩ་གསུམ་གནས་རི་རེད། །སེང་ཆེན་རྒྱལ་པོའི་སྒྲུབ་ཕུག་ལ། །ཆོས་སྐྱོང་བེར་ནག་ཁྲུས་སྒོ་ཟེར།༼དེ་མཚུངས་༽།ཆོས་སྐྱོང་ཀུན་འདུས་དུར་ཁྲོད་ཡོད། །

གནས་ཁྲུས་དུར་ཁྲོད་དགུ་པ་༼སེ་བཀྲ་༽ལ། །རང་ཉིད་འདུག་པའི་རྒྱབ་ཕྱོགས་སུ། །ཕོ་ལྷ་གཡུང་དྲུང་བོན་གྱི་གནས། །ནག་ཕྱོགས་བདུད་ཀྱི་གནས་ཡུལ་མི་འདྲ་བ། །སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ། །བར་དུ་གླིང་དཀར་རྒྱལ་བློན་བཀའ་བསྒོས་པ། །ཐ་མ་ནགས་སྤྲུལ་རིམ་བྱོན་གྱིས། །གདུལ་བའི་ཞིང་གི་གནས་ཡིན་པས། །བདེན་ཚིག་སྨོན་ལམ་དང་ལྡན་པའི། །དཀར་ཕྱོགས་སྐྱོང་བའི་གནས་འདི་ལ། །ཉི་མ་ཤར་གྱི་ཕྱོགས་རོལ་ན། །ཕོ་ལྷ་གནམ་ཐེའུ་དཀར་པོ་དང༌། །རྫ་དཀར་གད་པ་སོག་སྐྱ་རལ་པ་གནས་པའི་འབུར་སེར་པོ། བོན་གྱི་སྒྲོལ་བྱེད་སྔགས་པ་སྤུན་གསུམ། ཐེའུ་མོ་དཀར་མོའི་བྲག་གི་ཕུག དེའི་མདུན་ན་ཐེའུ་མོའི་བྲོ་ར། ཤར་མཐའ་ནས་བོན་ཀླུ་བྲམ་ཟེ་འཕྲད་པའི་ས། བོན་གྱིས་སྐོར་བ་རྒྱག་དགོས་པའི། ཉི་མ་ཤར་གྱི་ཕྱོགས་ལ། ཕོ་ལྷ་ས་ཐེའུ་ནག་པོ་གཙོས་པའི་བོན་གྱི་ཁ་ཐོར་བདུད་མོ་སྤུན་དགུ དེ་ཡི་མདུན་ན་བདུད་ཀྱི་བྲོ་ར། དེ་ཡི་མདུན་སྨན་མོ་བཅུ་གསུམ། སྨན་མོའི་བྲག་ཕུག སྨན་མོའི་ཁྲམ་ཤིང་གི་གནས་བཅུ་གསུམ་པ། སྨན་མོའི་བྲོ་ར། ནུབ་ཀྱི་ངོས་ན་བོན་གྱི་དམ་ཅན་སྡེ་ཚོགས་དང༌། བཙན་ཨ་བསེ་སྤུན་བདུན། དེའི་མདུན་ན་བཙན་གྱི་བྲོ་ར། དེའི་མདུན་ན་དྲི་ཟ་ལྔ་བརྒྱའི་གྲོང་ཁྱེར། དེའི་མདུན་ན་ཐང་དྲི་ཟའི་པི་ཝང་གི་དབྱིབས་ཡོད་པ། ལྷོ་ཡི་ངོས་ནས་ཕོ་ལྷ་བར་ཐིལ་ཁྲ་བོ་གཙོས་པའི་ཟ་བྱེད་ཀྱི་སྲིན་མོ་ལྔ། སྲིན་མོའི་བྲོ་ར། སྲིན་མོ་ལྔ་བརྒྱ་ཡི་གྲོང་ཁྱེར་དང༌། སྲིན་མོའི་སྤང་གདན་འདྲ་བའི་ཐང༌། མདུན་ན་སྲིན་མོའི་བྲག་ཕུག་ཁ་སེར་པོ་ལྷོ་ལ་བསྟན་པ། ཆུ་དགྲ་ཟོར་འགུགས་པའི་དབྱིབས་ཡོད་པ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ལ་བོན་ལྷ་སུམ་བརྒྱ་དྲུག་ཅུའི་གནས། རྒྱབ་ན་བྱ་རྒྱལ་རྒོད་ལུང་གནས། གཡས་ན་བོན་ལྷ་ངང་ཡག་དཀར་པོའི་ཟོ་དོར་གྱི་གནས། གཡོན་ན་ལྷ་རྟ་རྐྱང་བུའི་ཐུགས་ཀྱི་གནས། གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་དེ་ཚེ་སྒྲུབ་གསང་བ་འདུས་པ་བདུན་གསུམ་ན་སྐུ་མཚམས་བཞུགས་པའི་སྒྲུབ་ཕུག་༼རྒྱ་ཚ་བྲག་དཀར་༽ཡོད། མདུན་ན་གུང་འདྲེ་ལག་དམར་དཔུང་དེ་གསོད་པའི་ཐབས་ཤེས་ཀྱི་རྡོ། བྱང་ཕྱོགས་ནས་ཤག་གི་ཆུ་མོ་འབབ། ཟུངས་ཐག་རྡོ་རྗེའི་ཆུ་མོ་ཟེར། ཕོ་བྲང་བྱ་རྒྱལ་རྒོད་ལུང་གི་གནས་སྲུང་ནི་ཆུ་ཡི་དགེ་བསྙེན་གཅིག་ཡོད་པར་ཕུར་བའི་མིང་ཅན་བརྡ་རྟགས་བསྩལ། ཕོ་བྲང་བྱང་རྒྱལ་རྒོད་ལུང་ལ་དྲན་པ་ནམ་མཁའི་ས་འདུལ་མཛད། དེ་དུང་དཀར་ལྷ་རྫོང་སྒྲུབ་ཕུག་ཟེར། ཕ་ཚེ་དབང་རིག་འཛིན་སྒྲུབ་གནས་རེད། ཁྲོ་ཐུང་དཔོན་གྱི་སྐུ་རྗེས་གསལ། རྡོ་ཀེ་ཀེ་རེ་ལ་གནས་པ་དེ། བྲག་དཀར་འཛོམས་རེ་ལ་གནས་ཡུལ་རེ་ཡོད་པའི་བརྡ་རྟགས་བསྩལ། བྱ་རྒྱལ་རྒོད་ལུང་རྒྱབ་ཕྱོགས་ན། སྟག་ལྷ་མེ་འབར་གནས་༼དེ་མཚུངས་༽སྟག་ལྷ་ཀུན་འདུས་དུར་ཁྲོད་ཡོད། །

རྟེན་འབྲེལ་རབ་གཅིག་འགྲིགས་པའི་དུས་གཅིག་བྱུང་ན་དབུ་གསེར་ཞྭ་ཅན་གྱི་འབྲོང་ངུར་བླ་མ་ཞིག་གིས་གནས་སྒོ་ཕྱེ་ན་བོན་ལྷ་སུམ་བརྒྱ་དྲུག་ཅུའི་བརྡ་རྟགས་གསལ་རྒྱུ་ཡོད་པར་ཤར་རོ། །རྟེན་འབྲེལ་གཉིས་པ་འགྲིགས་ན་བོན་གྱི་བླ་མ་ཞིག་གིས་གནས་ཀྱི་སྒོ་མོ་ཕྱེ་རྒྱུ་བྱུང་ན་བོན་ལྷ་ཉི་བརྒྱ་དྲུག་ཅུའི་བརྡ་རྟགས་གསལ་རྒྱུ་ཡོད་པར་ཤར་རོ། །རྟེན་འབྲེལ་གསུམ་པ་འགྲིགས་ན་མགོ་རིགས་ལྔ་ཅན་གྱི་ཕོ་རྒྱུད་དཔའ་བོ་ཞིག་གིས་གནས་ཀྱི་སྒོ་མོ་ཕྱེ་རྒྱུ་བྱུང་ན་བོན་ལྷ་གཅིག་བརྒྱ་དྲུག་ཅུའི་བརྡ་རྟགས་གསལ་རྒྱུ་ཡོད་པར་ཤར་རོ། །

གནས་ཁྲུས་དུར་ཁྲོད་བཅུ་པ་༼ཤར་རྐང་ལ་༽ལ། །ཤར་ནས་ཙཱ་རི་རལ་གཅིག་བྲག །ལྷོ་ནས་ཡ་མ་ར་ཛའི་ཆུ། །ནུབ་ན་དམ་ཅན་རྡོར་ལེགས་བྲག །བྱང་ན་ཁྱབ་འཇུག་ར་ཧུ་ལ། །དབུས་ན་ཚེ་དཔག་རིགས་ལྔའི་གནས། །ཚེ་བུམ་པད་ཟླའི་གདན་སྟེང་ན། །མེ་ལྷའི་ཕྱོགས་ངོས་ཆུ་མོ་འབབ། །ལོ་བརྒྱ་ཕྲག་ཐོབ་པའི་ཚེ་ཆུ་ཟེར། །ནོར་ལོངས་སྤྱོད་རྒྱས་པའི་ཚེ་ཆུ་ཟེར། །གཡང་ཟས་ནོར་འཛོམས་པའི་ཚེ་ཆུ་ཟེར།༼དེ་མཚུངས་༽།ཚེ་དཔག་ཀུན་འདུས་དུར་ཁྲོད་ཡོད། །

དེང་སང་དུས་ཀྱི་བསྟན་པ་ལ། །ཉི་ཤུ་རྩ་བཞིའི་གནས་ཀྱི་མགྲོན། །ཉིན་མཚན་དབྱེ་བ་མེད་པར་ཕེབས། །ཉི་ཤུ་རྩ་བཞིའི་ཁྲུས་ཀྱི་ཆུ། །བདུད་རྩིའི་ཆུ་མོ་རྒྱུན་མི་ཆད། །ཉི་ཤུ་རྩ་བཞིའི་དུར་གྱི་ས། །འདུལ་བྱེད་ངང་ནས་མདངས་མི་ཉམས། །རྡོ་རྗེའི་མཐའ་སྐོར་ ༼ཉང་ཁུ་མཐའ་བསྐོར་༽ སོང་བའི་ཚེ། །འབྲུ་དྲུག་ཡི་གེ་དྲུག་མ་དེ། །འབྲུ་དུང་དཀར་བཅུ་ཡི་གནས་ཡུལ་རེད། །ངོ་མཚར་ཉང་གི་ས་ཆ་ལ། །གནས་བླ་མ་གཉིས་ཀྱི་ཆགས་ཚུལ་རེད། །

ཉི་མ་ཕྱོགས་བཞི་དབུས་ལྔ་ལ། །གནས་ཀྱི་བཀའ་སྲུང་དཀོར་བདག་དགེ་བསྙེན་ལྔ་ཡོད་པར། སྔོན་ཚེ་མདོ་སྔགས་གཉིས་ཀྱི་བཀའ་དང༌། བར་དུ་སེང་ཆེན་བླ་མའི་ལུང༌། ཐ་མར་ནགས་སྤྲུལ་རིམ་བྱོན་གྱི་བདེན་ཚིག་གསལ་པོ་ཡོད་པར། གླིང་དཀར་རྒྱལ་བློན་རྣམས་ཀྱིས་བཀའ་བསྒོས་དམ་ལ་བཞག་པར། དང་པོ་ཉི་མ་ཤར་གྱི་ཕྱོགས་ན་༼སུམ་ཅུ་བརྩེགས་པའི་ཤར་སྒོའི་གནས་སྲུང་རྐང་ལ་༽དཔའ་དགའ་བདེ་ཆོས་སྐྱོང་བེར་ནག་གིས། རྐང་རི་བྱི་སྨུག་པོ་དེ་བཀའ་བསྒོས་ནས་ཁོང་གི་མཚན་གྱི་ཟུར་ཙམ་འདྲེས་པའི་བརྡ་སྦྱར་ནས་བེར་དམུ་བཙན་རྡོ་རྗེ་དགྲ་འདུལ་ཞེས་གསང་མཚན་དུ་བཏགས་ནས་དེ་ལ་བསྟན་འཛིན་གསུམ་གྱི་བདག་ཆེན་སྤྲད། གཡས་ལ་སྦ་དཀར་ཚིགས་གསུམ་གྱི་ཡུ་བ་སྤྲད་པའི་མི་མགོ་ཞིག་ཡོད་པ་དེའི་མིང་ལ་མི་མགོ་བསྟན་འཛིན་རྒྱལ་མཚན་ཟེར། དེ་ལ་བསྟན་པའི་རྒྱལ་མཚན་ཚུགས་ཤིག གཡོན་ན་ཁྱེར་བའི་མི་རྒྱུ་རློན་པ་ཞིག་ཡོད་པར་དེའི་མིང་ལ་མི་རྒྱུ་བསྟན་འཛིན་ཞགས་པ། དེ་ལ་ཉི་མའི་ཨ་ལོང་ལ་ཟླ་བའི་ལྕགས་ཀྱུ་ཡོད་པ། དེ་ལ་བསྟན་པའི་དགྲ་བགེགས་ཐམས་ཅད་ཟུངས་ཤིག ཆིངས་ཤིག མ་ར་ཡ་ཕཊ། འོག་ན་ཆིབས་པའི་མཛོ་བསྟན་འཛིན་ཁ་དཀར་དེ། རྭ་གཡས་ན་མེ་ལྷའི་མེ་འབར། རྭ་གཡོན་ན་ཆུ་ལྷའི་ཆུ་ཁོལ། སྣ་ནས་འབྱུང་བའི་རླུང་གཡོ། འཛི་ཉི་ཟླ་ཡི་ཕྲ་རྒྱན་ཡོད། སུག་བཞི་ན་དུང་གི་རྐང་པ། རྨིག་པ་གཡུ་ཡི་རྨིག་པ་ཡོད། དེ་ལ་ཆིབས་ནས་བསྟན་པའི་གནས་འདི་སྒོ་མོ་ཕྱེ་བའི་དུས་སྐུ་དྲག་པོས་གདུལ་ཞིང་གི་སྒོ་ནས་གནས་འདི་ལ་དགྲ་བཟོ་མི་ཞིག་བྱུང་ན་དགྲ་བོ་ཡན་པོར་སྣེ་གཅིག་མ་གཏོང་ཞེས་ཕ་དགའ་བདེའི་ཆོས་སྐྱོང་བེར་ནག་གིས་བཀའ་སྩལ་བ་བེར་སྨུག་བཙན་རྡོ་རྗེ་དགྲ་འདུལ་གྱིས་ཁས་བླངས་ནས་རྡོ་རྗེའི་དམ་ཆུ་འཐུང་ནས་ཤར་གྱི་གནས་སྲུང་དེ་ཡིན་པའི་བརྡ་རྟགས་བསྩལ་བ་ཤར་རོ། །ཤ་ཁྲག་དམར་གྱི་གཏོར་མ་དང༌། གསེར་སྐྱེམས་འདི་བཞེས་ཤིག སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག གནོད་པའི་བགེགས་ལ་ལས་མཛོད་ཅིག།

ཡང་ཉི་མ་ལྷོ་ངོས་༼ལྷོ་སྒོ་གནས་སྲུང་མདའ་རྒྱངས་༽དཔའ་བོ་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱིས་བཀའ་བསྒོས་པས་ཁོང་གི་གསང་མཚན་དེ་ཟུར་ཙམ་འདྲེས་པའི་བརྡ་སྦྱར་ནས་ལྷ་བཙན་འཁོར་ལོ་ཐོག་འབེབས་བཏགས་ནས་དེ་ལ་བསྟན་པ་ཐོག་གསུམ་གྱི་བདག་རྐྱེན་སྤྲད་ནས། གཡས་ན་བསྟན་ཤིང་ཆུ་ཤིང་ནག་པོའི་ཡུ་བ་འདོམ་པ་དགུ་པ་དེ་ལ་ཐོག་ལྕགས་ཀྱི་མདུང་རྩེ་དགུ་པ་དེ་ལ་ཧཱུྃ་དགུའི་སྔགས་བྲིས་པ། གཡོན་ཀླུ་བདུད་ཀྱི་སྦྲུལ་ནག་པོའི་ཞགས་པ་འདོམ་བཅུ་གསུམ་པར། དེའི་རྩེ་ནས་ཐོག་ལྕགས་ཀྱི་འཁོར་ལོ་རྩེ་དགུ་པ་ངོས་ཀྱི་རི་མོ་སྒྲོལ་བྱེད་ཀྱི་མཚོན་ཆ་དགུའི་རི་མོ་ཡོད་པར་འགུགས་བྱེད་ཀྱི་ལྕགས་ཀྱུ། སྡོམ་བྱེད་ཀྱི་ཞགས་པ། མྱོས་བྱེད་ཀྱི་དྲིལ་བུ། རྡུང་བྱེད་ཀྱི་ཐོ་བ། འཕེན་པའི་མདའ། འགུགས་པའི་གཞུ། སྒྲོལ་བའི་གྲི། འབིགས་པའི་མདུང༌། གདབ་པའི་ཕུར་པ་ཡོད་པར། འོག་ན་ཐོག་རྟ་རིན་ཆེན་ཁ་དཀར་ཆིབས་ནས་ཐོག་རིན་ཆེན་འབར་བའི་ཏོག་ཅིག་བརྒྱབ་སྟེ་དེ་ངོས་ཀྱི་རི་མོ་ལ་བལྟས་ན་གླིང་ཆེན་བཞིའི་ཏོག་གི་དབྱིབས་ཡོད་པར་མདོར་བསྡུས་ན་སྲིད་པ་གསུམ་གྱི་ཕྱག་རྒྱའི་རི་མོ་ཡོད་པ་བསྟན་པའི་གནས་འདི་ལ་དགྲ་བཟོ་མི་བྱུང་ན་དགྲ་བོ་ཡན་པོར་སྣེ་གཅིག་མ་གཏོང་ཞེས་དཔའ་བོ་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱིས་བཀའ་བསྩལ་བ་དེ་ཡི་མདུན་ན་ལྷ་བཙན་འཁོར་ལོ་ཐོག་འབེབས་ཀྱིས་ཁས་བླངས་ནས་རྡོ་རྗེའི་དམ་ཆུ་འཐུང་ནས་གནས་འདིའི་ལྷོ་ཡི་སྲུང་མ་ཡིན་པར་ཤར་རོ། །ཤ་ཁྲག་དམར་གྱི་གཏོང་མ་དང་། གསེར་སྐྱེམས་འདི་བཞེས་ཤིག སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག གནོད་པའི་བགེགས་ལ་ལས་མཛོད་ཅིག།

ཡང་ཉི་མ་ནུབ་ཀྱི་༼ནུབ་ཀྱི་གནས་སྲུང་འོམ་གཡག་༽གནས་སྲུང་བོན་གནས་ངོ་མཚར་ཅན་གྱི་ནུབ་ཀྱི་ངོས་ན་ཁྲོ་རྒྱལ་དཔོན་གྱིས་བཀའ་བསྒོས་པས་ཁོང་གི་གསང་མཚན་དེ་ཟུར་ཙམ་འདྲེས་པའི་བརྡ་སྦྱར་ནས་ཨ་བསེ་བཙན་གྱི་རྒྱལ་པོ་འདི་ལ་ཁྲོ་བཙན་རྒྱལ་པོ་འཇིགས་མེད་གྲགས་པ་བཏགས་ནས། དེ་ལ་བསྟན་པའི་ཁྲོ་གསུམ་གྱི་བདག་ཆེན་སྤྲད་ནས། གཡས་ནས་ཁྲོ་ལྕགས་ཀྱི་སྟ་རེ་ལ་ཁ་ཆེན་ཡུ་བ་འདོམ་པ་བདུན་དེ་ཡི་ངོས་ཀྱི་རི་མོ་ལ་བལྟས་ན་ནོར་བུ་ཆ་བདུན་གྱི་རི་མོ་ཡོད་པར་དགྲ་བགེགས་སྒྲོལ་བའི་སྟ་རེ་ལག་ན་བཞག གཡོན་ན་ཁྲོ་ཡི་སྤར་བུའི་ནང་ཁྲོ་ཆུའི་རིལ་བུ་བཅུ་གསུམ་ཡོད་པ། ནམ་ཞིག་དུས་ཀྱི་ཐ་མ་ལ་ནམ་མཁའ་དབྱིངས་ཀྱི་གུར་ཁང་ལ་གཡུ་འབྲུག་མེ་ཤོར་ར་བ་ནས། ཐོག་སྣ་མི་གཅིག་བཅུ་གསུམ་བཅས་སྡེ་བརྒྱད་འདྲེ་དཔུང་དང་བཅས་པ་ཁྲོ་ཆུ་ཐོག་གིས་དགྲ་བགེགས་བསྒྲལ་བའི་འོག་ན་ཆིབས་པའི་ཁྲོ་རྟ་རིན་ཆེན་ཁ་དཀར་དེ་ཁྲོ་རིན་ཆེན་འབར་བའི་ཏོག་གཅིག་བརྒྱབ་པ། ཏོག་དེ་ཡི་རི་མོ་ལ་བོན་གྱི་དུས་འཁོར་ཕྱག་མཚན་གྱི་རི་མོ་ཡོད་པ། དེ་ཡི་མཐའ་ན་བོན་གྱི་འབྱུང་བ་བཞི་ཡི་བརྡ་ཡིག་ཡོད་པའི་བརྡ་རྟགས་བསྩལ། བསྟན་པའི་གནས་འདི་ལ་སྒོ་མོ་ཕྱེ་བའི་དུས་སུ་དྲག་པོས་གདུལ་ཞིང་གི་སྒོ་ནས་གནས་འདི་ལ་དགྲ་བཟོ་མི་བྱུང་ན་དགྲ་བོ་ཡན་པོར་སྣེ་གཅིག་མ་གཏོང་ཞེས་དཔོན་ཁྲོ་རྗེ་དྲེགས་དཔོན་གྱིས་བཀའ་བསྩལ་བ་དེའི་སྤྱན་སྔ་ནས་ཁྲོ་ཨ་བསེ་འཇིགས་མེད་གྲགས་པ་དེས་ཁས་བླངས་ཏེ་རྡོ་རྗེའི་དམ་ཆུ་འཐུང་ནས། ཉི་མ་ནུབ་ཀྱི་གནས་ཀྱི་སྲུང་མ་ཡིན་པར་ཤར་རོ། །ཤ་ཁྲག་དམར་གྱི་གཏོར་མ་དང་། གསེར་སྐྱེམས་འདི་བཞེས་ཤིག སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག གནོད་པའི་བགེགས་ལ་ལས་མཛོད་ཅིག།

ཉི་མ་བྱང་གི་གནས་ཀྱི་༼བྱང་གི་གནས་སྲུང་མཚོ་ཁྱུང་ཞལ་དཀར་༽སྲུང་མ་ནི། དཔའ་བོ་དར་རྗེས་བཀའ་བསྒོས་པས། དར་རྗེ་ཁྱུང་རྒྱལ་ཁོང་གི་གསང་མཚན་དེ་ཟུར་ཙམ་འདྲེས་པའི་བརྡ་སྦྱར་ནས། མིང་ལ་མཚོ་ཁྱུང་བདུད་འདུལ་ཞལ་དཀར་བཏགས། དེ་ལ་བསྟན་པའི་ཁྱུང་གསུམ་གྱི་བདག་ཆེན་སྤྲད་ནས་གཡས་ན་ནོར་བུ་ཆུ་ཤེལ་གྱི་རལ་གྲི་སྲིད་གསུམ་སལ་ལེ་གསལ་བ། ཡུ་བ་ནི་ཁྱུང་རྭ་ཁྲ་བོ་སྤྲད་པ། དེ་ལ་ཁྲམས་གྷ་རུ་ཌ་ཡི་སྔགས་ཡིག་གསལ་བ། གཡོན་ན་ཉ་སྦོ་བ་ཁ་ཆེའི་སྙིང་རྩིད་ལས་གྲུབ་པའི་ཞགས་པ་དཀར་ནག་འདོམ་དགུ་པ། བསྟན་ཞགས་དེ་ཡི་རྩེ་མོ་ན་ཁྱུང་གི་སྡེར་མོ་ལྔ་ཡི་འགུགས་པའི་ལྕགས་ཀྱུ་ལྔ་ཡི་ཚུལ་དུ་སྤྲད་པ། འོག་ན་ཆིབས་པའི་ཁྱུང་རྟ་དམར་པོ་མེ་རི་འབར་བ་དེ་ལ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། བར་ཉི་ཟླའི་འགྲོ་ལམ་ལ། མངོན་པར་ཁྱུང་དེ་ཆིབས་ནས་བསྟན་པའི་གནས་འདི་ལ་སྒོ་མོ་ཕྱེ་བའི་དུས་སུ་དགྲ་བཟོ་མི་བྱུང་ན་དགྲ་བོ་ཡན་པོར་སྣེ་གཅིག་མ་གཏོང༌། དྲག་པོས་གདུལ་ཞིང་གིས་ཚར་གཅོད་པར་གྱུར་ཅིག་ཅེས་དཔའ་བོ་དར་རྗེ་ཁྱུང་རྒྱལ་གྱིས་བཀའ་བསྩལ་བས། དར་རྗེ་ཁྱུང་རྒྱལ་གྱི་སྤྱན་སྔ་ནས་མཚོ་ཁྱུང་བདུད་འདུལ་ཞལ་དཀར་གྱིས་ཁས་བླངས་ཏེ་རྡོ་རྗེའི་དམ་ཆུ་འཐུང་ནས། ཉི་མ་བྱང་གི་གནས་ཀྱི་སྲུང་མ་དེ་ཡིན་པར་ཤར་རོ། །ཤ་ཁྲག་དམར་གྱི་གཏོར་མ་དང་། གསེར་སྐྱེམས་འདི་བཞེས་ཤིག སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག གནོད་པའི་བགེགས་ལ་ལས་མཛོད་ཅིག།

ཡང་ཉི་མ་དབུས་ཀྱི་༼རག་ཆོད་གཡང་དིལ་༽སྲུང་མ་ནི་སྐུ་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་གིས་བཀའ་བསྒོས་པས་ཉང་སྟོད་སྨད་གཉིས་ཀྱི་ས་མཚམས་ནས་ཁོང་གི་གསང་མཚན་དེ་ཟུར་ཙམ་འདྲེས་པའི་བརྡ་སྦྱར་ཏེ། དེ་ལ་བགེགས་འདུལ་ནོར་བུ་གཡང་གི་རྒྱལ་པོ་བཏགས་ནས་གཡང་ནོར་བུ་གསུམ་གྱི་བདག་ཆེན་གནང་ནས། གཡས་ན་ནོར་བུ་མེ་ཤེལ་གྱི་མདུང་ཡུ་བ་འདོམ་དགུ་པ་དེ་ལ་ནོར་བུ་ཆུ་ཤེལ་གྱི་མདུང་རྩེ་ལྔ་པ་དེ་ལ་བཛྲ། རཏྣ། པདྨ། ཀརྨ། ཀི་ལ་གྷི་རི། ཧེ་རུ་ཀ་ཡི་ལྷ་ཡི་བསྒྲལ་སྔགས་ཡོད་པ། གཡོན་ན་ནོར་བུའི་གཏེར་གྱི་གཞོང་པའི་ནང་དུ་ནོར་བུ་རིན་ཆེན་འབར་བའི་རྡེའུ་བཅུ་གསུམ་བསྣམས་ནས་མེ་དགྲ་གསོད་པའི་ནོར་བུའི་རྡེའུ། ལྕགས་དགྲ་གསོད་པའི་ནོར་བུའི་རྡེའུ། ཤིང་དགྲ་གསོད་པའི་ནོར་བུའི་རྡེའུ། ས་དགྲ་གསོད་པའི་ནོར་བུའི་རྡེའུ། རྟ་འཕེལ་བའི་ནོར་བུའི་རྡེའུ། ནོར་འཕེལ་བའི་ནོར་བུའི་རྡེའུ། ར་འཕེལ་བའི་ནོར་བུའི་རྡེའུ། ལུག་འཕེལ་བའི་ནོར་བུའི་རྡེའུ། ལོངས་སྤྱོད་རྒྱས་པའི་ནོར་བུའི་རྡེའུ། ཚྭ་གཡང་འགུགས་པའི་ནོར་བུའི་རྡེའུ། ཚེ་ལོ་བརྒྱ་ཐུབ་པའི་ནོར་བུའི་རྡེའུ་བཅུ་གསུམ་དེ་ཡིན་ནོ། །འོག་ཏུ་ཆིབས་པའི་རིན་ཆེན་བྱིའུ་རྟ་ནོར་བུ་གྲོ་དམར་དཔུང་དཀར་དེ་ལ། ནོར་བུ་རིན་ཆེན་འབར་བའི་ཏོག་གཅིག་བརྒྱབ་ནས་ཏོག་དེ་ཡི་ངོས་ཀྱི་རི་མོ་ལ་བལྟས་ན་ཞི་བའི་ལྷ་ཚོགས་བཞི་བཅུ་འབར་བ་ཁྲག་འཐུང་དྲུག་ཅུའི་རི་མོ་ཡོད་པར། དེའི་མཐའ་ནས་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་གྱི་དབྱིབས་ཡོད་པ་དེ་མཚུངས་བརྡ་རྟགས་མང་པོ་ཡོད་པར་ཤར་རོ། །བསྟན་པའི་གནས་འདི་ལ་སྒོ་མོ་ཕྱེ་བའི་དུས་སུ་དྲག་པོའི་གདུལ་ཞིང་སྒོ་ནས་བསྟན་པའི་གནས་འདི་ལ་དགྲ་བཟོ་མི་བྱུང་ན། དགྲ་བོ་ཡན་པོར་སྣེ་གཅིག་མ་གཏོང་ཞེས་སྐུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་བཀའ་བསྩལ་པས་ཁོང་གི་སྤྱན་སྔ་ནས་བགེགས་འདུལ་ནོར་བུ་གཡང་གི་རྒྱལ་པོས་ཁས་བླངས་ནས་རྡོ་རྗེའི་དམ་ཆུ་འཐུང་ནས། ཉི་མ་དབུས་ཀྱི་གནས་ཀྱི་སྲུང་མ་དེ་ཡིན་པར་ཤར་རོ། །ཤ་ཁྲག་དམར་གྱི་གཏོར་མ་དང་། གསེར་སྐྱེམས་འདི་བཞེས་ཤིག སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག གནོད་པའི་བགེགས་ལ་ལས་མཛོད་ཅིག ལྷ་སངས་རྒྱས་ཀྱི་བསྟན་པ་དར། བདུད་ཆོམ་རྐུན་གྱི་བསྟན་པ་ནུབ། དབྱར་གྱི་རྩྭ་ཐན། དགུན་གྱི་གངས་སྐྱོན། མཐའ་ཡི་དམག་འཁྲུག་མུ་གེ་ནད་ཡམས་མི་མཐུན་པ་ཐམས་ཅད་སྲོག་རྩ་མྱུར་དུ་ཆོད་ཅིག མ་ར་ཡ་ཕཊ་ཕཊ། དགྲ་ཡུལ་ཐལ་བའི་རྡུལ་དུ་རློག རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། འཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །

ཀྱེ་ཀྱེ། ཀ་ཡེ་བསྟན་སྲུང་བེག་རྩེ་རྒྱལ་པོ་ཁྱོད། །ཁ་མདོག་དམར་པོ་ཤར་གྱི་ཕྱོགས་ནས་ཕེབས། །ག་ནས་བལྟས་ན་མེ་ཞགས་འཁྱིལ་བའི་ནང༌། །ང་ཚོའི་ཡུལ་དུ་བྱོན་པ་བཀའ་དྲིན་ཆེ། །ཅ་ཅོ་མེད་པ་མི་མགོའི་ཏོག་གིས་བརྒྱན། །ཆ་ལུགས་རྔམ་ཞིང་དབུ་ལ་སྦྲུལ་རྫོངས་དཀྲིས། །ཇ་དང་རཀྟའི་མཆོད་པ་ཁྱོད་ལ་འབུལ། །ཉ་མོ་ཆུ་ལྟར་འབྲལ་མེད་ཁ་འཛིན་མཛོད། །ཏ་བ་སྟེང་ཕྱར་གཤན་གྲི་གཡས་ན་ཁྱེར། །ཐ་དད་གནམ་ལྕགས་རྡོ་རྗེའི་རྩེ་མོ་དགུ། །ད་ལྟ་བསད་པའི་དགྲ་སྙིང་གཡོན་ན་རོལ། །ན་བུན་དབུགས་ཀྱི་རླངས་པ་ཀྱི་ལི་ལི། །དཔའ་བརྗིད་ཆེ་ཞིང་བེར་དམར་སྐུ་ལ་གསོལ། །ཕ་རོལ་དམག་རྒྱག་མི་དགོས་དགྲ་སྲོག་གཅོད། །བ་སྤུ་དུག་རླངས་འཁྲིགས་ནས་ནད་ཡམས་གཏོང༌། །མ་རུང་བསྟན་དགྲ་ཐམས་ཅད་ནད་ཡམས་འཆི། །རྩ་འཁོར་སྙིང་ཁ་ཐུགས་གསལ་མེ་ལོང་བཏགས། །ཚ་རྔམ་རིགས་བཞི་རྡོ་རྗེའི་ཐ་ཚིག་བརྗོད། །ཛ་དྲག་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། །ཝ་ལེར་ངང་འདས་མ་འོངས་ཧྲིལ་གྱིས་མཁྱེན། །ཞབས་པུས་གཡས་གཡོན་ཡི་གེ་ཧྲཱི་བྷྱོ་གཉིས། །ཟ་འདྲེ་བསྟན་དགྲ་ཕོ་མོ་ཆམ་ལ་འབེབས། །འ་ར་འུ་རུ་སྟག་གི་ལྷམ་ཆེན་གསོལ། །ཡ་མ་ཧཱུྃ་ཕཊ་རྒྱོབ་སོད་དམ་སྲི་འདུལ། །ར་བཞི་བསྟན་རྟ་འཇིགས་མེད་ཁ་དཀར་ཆིབས། །ལ་ལུང་སྲིད་གསུམ་སྐད་ཅིག་ཡུད་ཅིག་བསྐོར། །ཤ་སྤུ་འཇའ་ཚོན་ཐོག་སྦྲང་མེ་དཔུང་འབར། །ས་གནས་བསྟན་དགྲ་ལ་སོགས་དམིགས་མེད་ཆོམ། །ཧ་ལ་ཧུ་ལུ་བྱ་རིགས་དགུ་ལྔའི་འཁོར། །ཨ་གསལ་མྱུར་དུ་མངགས་པའི་ལས་མཛོད་ཅིག །མ་གཡེལ་མ་འདའ་དམ་ཅན་སྲུང་མའི་ཚོགས། །དགྲ་ཤ་ཟོ་ལ་དགྲ་ཁྲག་མྱུར་དུ་བཞེས། །བོད་ལྗོངས་བདེ་ལ་འགོད་པའི་སྡོངས་གྲོགས་མཛོད། །ལྷ་བསྟན་ཆོས་གསུམ་དར་བའི་བཀྲ་ཤིས་ཤོག །མེ་ལུག་༼༡༩༦༧༽བྱི་ཟླའི་ཚེས་བརྒྱད་ས་སྲོད་ཐོག་གཏི་མུག་འཁྲུལ་སྣང་བརྒྱུད་ནས་ནགས་བྱང་ཕྱོགས་ཤག་གི་རུ་ཐུར་གཡོན་པ་སེ་བཀྲ་བོན་ཤེལ་དཀར་གཏེར་རྫོང་གི་མདུན་ནས་འབྲོང་མིང་ཅན་ཉམས་དམན་པས་སྦྱར་བའོ།། །།

ས་སྤྲེལ་༼༡༩༦༨༽ཟླ་བ་བཞི་པའི་ཚེས་གསུམ་གྱི་ནུབ་མོ་གཏི་མུག་འཁྲུལ་བའི་སྣང་བ་ལ། ཨེ་མ་རིག་པ་གསལ་བའི་མེ་ལོང་ལ། །ཆོས་དབྱིངས་འོད་གསལ་གྱི་ཕོ་བྲང་ནས། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །མཁའ་ལམ་ཉི་ཟླའི་འགྲོ་ལམ་ནས། །སེང་གེ་དཀར་མོ་གཡུ་རལ་ཅན། །སྒ་སྲབ་མི་དགོས་ཁ་ལོ་བདེ། །སེང་ཁྲི་དེ་ཡི་ཡང་སྟེང་ནས། །བུད་མེད་དམར་སེར་ལི་ཁྲིའི་མདོག །དབང་དྲག་སེར་ཆེན་སྤྲིན་ལྟར་འཁྲིགས། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། །སྟོང་ཉིད་མཁའ་འགྲོ་མང་པོས་བསྐོར། །གཡོན་པ་ཐོད་པ་ཁྲག་གིས་བཀང་། །དུར་ཁྲོད་མ་མོ་འབུམ་གྱིས་བསྐོར། །ཐོ་རངས་ནམ་གྱི་བར་ཆ་ལ། །དར་སྤུངས་འཇའ་འོད་འཁྲིགས་སེ་འཁྲིག །བཟང་དྲུག་སྨན་དྲི་ཆི་ལི་ལི། །དུང་གི་ཁུ་འཕངས་ཤ་ར་ར། །གཡུ་ཡི་ན་བུན་འཐིབས་སེ་འཐིབ། །དེ་འདྲ་ཤར་བའི་སྣང་བ་ལ། །མཁའ་འགྲོ་སྡེ་ལྔ་གནས་པའི་ཡུལ། །སྒྲིབ་པ་སྦྱང་བ་མཁའ་འགྲོ་རྡོ། །དེ་ཡི་སྟེང་ན་སླེབས་པར་ཤར། །ཐོད་པའི་ཁྲག་དེ་ལན་གསུམ་ལྡག །དབུགས་ཀྱི་གྲེ་བསལ་ལྔ་དེ་བྱང༌། །ཡོམ་ཡོམ་ཤིག་ཤིག་བདུན་ཙམ་འགུལ། །འགྱིངས་སྟངས་དགུ་ཡི་ངང་ན་བཞུགས། །ངག་གི་མགུར་མས་འདི་སྐད་ཟེར། །

ཧེ་ཧེ་ཧེ། ཚུར་ཉོན་ཤ་གཟན་འབྲོང་བུའི་མིང༌། །མ་ཡེངས་རིག་པ་གཏན་ལ་ཕོབ། །ས་འདི་མཁའ་འགྲོ་འདུས་པའི་གནས། །རི་ཐང་བྲག་ས་དབུས་རྫའི་ཆུ། །དེ་འདྲའི་གནས་མཆོག་ངོ་མཚར་ཆེ། །མཁའ་འགྲོའི་བརྡ་རྟགས་སྦས་པའི་ཡུལ། །རི་དཀར་ཕོ་རྒྱུད་དཔའ་བོ་དེ། །དེ་འདྲ་ཤར་བའི་དུས་སྐབས་ཡིན། །གནས་སྲུང་དྲི་དམར་རྨ་བྱའི་མདངས། །སྦས་རྟགས་བསྟན་པའི་དུས་སྐབས་ཤར། །སྤྲེལ་ལོ་གང་ཚེས་བསྐོར་བའི་དུས། །བྱ་ཟླ་ཟླ་བའི་ཚེས་བརྒྱད་ནས། །བཅོ་ལྔའི་བར་དུ་འགྱུར་ཁྱད་ཆེ། །ཞོ་སྟོད་གནས་མགྲོན་ཕེབས་པའི་ཡུལ། །མདོར་བསྡུས་ཚིག་གིས་བརྡ་ཚིག་ཡིན། །

ཧེ་ཧེ་ཧེ། ཉང་རྫ་རྒན་རི་༼རག་ཆོད་གཡང་དིལ་༽ལྷ་རྒྱལ་མཚན་དེ། །གཡང་ཚོགས་བདག་གླང་སྣའི་གནས་ཡུལ་ལ། །ནོར་གཏེར་ཁ་བཅུ་གསུམ་བདག་པོ་རེད། །གསོལ་ན་དངོས་གྲུབ་ཆར་ལྟར་འབེབས། །མཆོད་ན་བསྡོངས་གྲོགས་གློག་ལས་མྱུར། །འགྲས་ན་རིགས་རྒྱུད་རྩད་ནས་གཅོད། །མདོར་བསྡུས་བརྡ་ཚིག་དེ་ཙམ་ཡིན། །

       ཧེ་ཧེ་ཧེ། འདི་ནས་ཉི་མ་ཤར་གྱི་ཕྱོགས། །ས་མིང་གསེར་གཞུང་སྒྲུབ་གནས་ལ། །སྐྱེས་བུ་བརྟན་བཞུགས་ཟླ་བའི་མདངས། །ཚེས་གཉིས་ཟླ་བའི་འོད་ཟེར་དེ། །ཟླ་བ་ཡར་ངོའི་ཁ་ཤར་དུས། །རྣ་བས་ཐོས་ཚད་ངན་སོང་མེད། །

ཕོ་བྲང་ཨེ་ཝཾ་དགའ་འཁྱིལ་དེ། །འགུལ་སྐྱོད་སྣེ་གཅིག་མ་བརྒྱབ་ན། །བོད་ལྗོངས་བསྟན་པ་སྔར་བཞིན་ཆགས། །དཀར་པོའི་ཕྱོགས་ལ་ངོ་སོ་མཐོ། །ཨེ་མ་ཧོ། །ཐལ་ལཾ་ཐལ་ལཾ།

ཧེ་ཧེ་ཧེ། ནུབ་ཕོ་བྲང་དགུ་བརྩེགས་མེ་སྟག་འཕྲོ། །མེ་སྟག་ཟི་ར་ཆུ་ཡིས་གསོད། །ཆུ་དེ་ས་གཞི་ཀུན་ལ་ཁྱབ། །ས་འབྱུང་བ་ཤིང་གི་ཡལ་ག་རྒྱས། །ཕག་དཀར་པོའི་ངུར་སྒྲ་ལན་གསུམ་བསྒྲག །སྒྲ་དེ་འཛམ་གླིང་ཀུན་ལ་གསལ། །ཀུན་ལ་དགའ་སྤྲོ་ཤར་བའི་ངོ༌། །ལགས་སོ། །ལགས་སོ། །ལགས་སོ། །

ཧེེ་ཧེ། ལྷོ་རྒྱ་ལ་སེང་གདོང་རི་རྩེ་ནས། །སེང་དཀར་མོ་གཡུ་རལ་རྒྱས་ནས་འོང་། །གཡུ་རལ་དུང་སེང་ངར་སྐད་དེ། །འོད་གསལ་འགྲོ་ལམ་བདེ་བ་དེར། །འགྲོ་འདུག་མི་དགོས་བདེ་བ་ཤར། །ཨེ་མ་མཚར། བསྟན་ལམ། བསྟན་ལམ།

ཧཻ། བྱང་གླང་ཆེན་འགྱིང་རིའི་ནགས་ཚལ་ན། །སྟག་མོ་རི་བཀྲ་འཛུམ་དྲུག་ཉམས། །འཛུམ་དྲུག་ཉམས་ནས་ངང་གིས་འཆི། །འཆི་བ་ཁྲག་གི་ཟི་ར་གཡོ། །གསང་ལམ། ཤར་ཤིང་ཁམས་དགྲ་བོ། ལྷོ་མེ་ཁམས་དགྲ་བོ། ནུབ་ལྕགས་ཁམས་དགྲ་བོ། བྱང་ཆུ་ཁམས་དགྲ་བོ། མེ་དགྲ་ཆུས་བསད་པ་ཡིན། ཨེ་མ་ཧོ། བཀྲ་ཤིས་པར་གྱུར་ཅིག

ས་སྤྲེལ་༼༡༩༦༨༽ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ། ང་གཏི་མུག་རིག་པ་འཁྲུལ་སྣང་ལ། །དཀར་པོ་དུང་མདོག་འོག་ན་ཁྱེར། །དུང་སྒ་དུང་སྲབ་ཟླ་བའི་མདངས། །ལུས་རས་དཀར་གོས་དེ་ཤེལ་ལྟར་གསལ། །ཤེལ་དེ་ལ་གསལ་ནོག་མི་འདུག་པའི། །ལག་གཡས་པ་དར་མདུང་དམར་པོ་ཁྱེར། །དཔལ་ལྡན་དགྲ་ལྷའི་མེ་སྟག་འཕྲོས། །གཡོན་པ་རྒྱུ་ཞགས་ཁྱེར་འདུག་པའི། །ཞགས་འགུགས་ཟིལ་མ་ཆུ་ལྟར་ཁོལ། །སེམས་འབྱུང་བ་རླུང་གི་རྩ་སྒོ་དེ། །སྔོན་བག་ཆགས་སྡིག་ནད་ལ་སོགས་པར། །ཤར་སྦས་གནས་ཁྲུས་ཆུས་བཀྲུས་ན་བསམ། །ལས་འདི་འདྲ་ཤར་བའི་སྣང་བ་ལ། །ཧར་པོ་མགྱོགས་པོ་ཤར་ལ་སོང༌། །ཤར་ཁྲུས་སྒོ་གོང་མའི་མར་གཤམ་སླེབས། །ཡང་འཁྲུལ་སྣང་འདི་འདྲ་ཤར་ནས་བྱུང༌། །དྲག་ཆར་སྦྲང་ཆར་རླུང་ལྟར་འཚུབས། །གློག་དམར་མེ་ཞགས་འཁྱུགས་སེ་འཁྱུག །གཡུ་འབྲུག་ངར་སྐད་ཤ་ར་ར། །ཐོག་དང་སེར་བ་ཀྱི་ལི་ལི། །དམར་ནག་མེ་དཔུང་འུ་རུ་རུ། །འཇིགས་རུང་འདི་ཡི་ནང་ཤེད་ནས། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་དེ། །འབྱུང་བ་ལྔ་ཡི་སྒ་སྲབ་གསོལ། །སྤྱང་ཀིའི་ངུ་འབོད་ཤ་ར་ར། །སྟེང་ན་བཞོན་པའི་བུད་མེད་དེ། །སྔོ་ནག་འཇིགས་པའི་རྔམ་བརྗིད་ཆེ། །ཕྱག་གཡས་བྱ་རྒོད་ཐོད་དབྱུག་ཁྱེར། །དུར་ཁྲོད་ཤ་ཟ་བདུན་གྱིས་བསྐོར། །གཡོན་པས་ནད་རྐྱལ་ནག་པོ་བསྣམས། །ནད་བདག་མ་མོ་དགུ་ཡིས་བསྐོར། །རྡོ་སེང་གེ་འདྲ་བའི་ཡང་སྟེང་ན། །དེ་ཡི་ཐོག་ལ་བཞེངས་པར་ཤར། །ངག་དྲག་ཤུགས་ཚིག་དོན་འདི་འདྲ་གསལ། །ཐིཿ ཐིཿ ཐིཿ   ཀ་ཡེ་འབྲོང་མིང་ཉམ་དམན་ཁྱོད། །སེམས་མ་གཡེངས་ང་ཡི་དྲག་ཚིག་ཉོན། །སྔོན་མར་མེ་མཛད་ཀྱི་སྤྱན་སྔ་རུ། །ཟངས་རི་མཁར་དམར་རྩེ་དག་ལ། །སྟོང་ཉིད་ཐོད་མཁར་བརྩེགས་པའི་ནང༌། །མཁའ་འགྲོ་འབུམ་གྱི་གཙོ་མོ་ལ། །རྡོ་རྗེ་སྒེག་མོ་བདུད་འདུལ་ཟེར། །སྐུ་ཆུ་དར་སྔོན་མོ་འཇོལ་བེར་འདི། །མེ་དགྲ་གསོད་པའི་མཐུ་མོ་ཆེ། །གཡས་ཤ་ཟ་མཁའ་འགྲོ་རྒོད་ཀྱི་དབུ། །དུས་བབ་དྲག་མོའི་ཁྲུས་བུམ་ཡིན། །གཡོན་ཁྲག་འཐུང་མ་མོ་ནད་ཀྱི་ཚུལ། །སྐད་གདངས་བསྡུ་དབུགས་ཀྱི་རྒྱལ་ནག་མོ། །འོག་བཞོན་པའི་ཤ་གཟན་སྤྱང་གདོང་མོ། །སྟོང་གསུམ་ཡུལ་དུ་སྐོར་བའི་ཤོ་ན་མོ། །ཁ་སྤྱང་མོ་ངུ་བའི་ཤུད་སྒྲ་དེ། །སྲིད་གསུམ་ཡུལ་དེ་ལྷམ་མེར་ལྡང༌། །སྲིད་པའི་གྲི་འདྲེ་སྙིང་རྩ་འདར། །འབྱུང་བ་ལྔ་ཡི་སྒ་སྲབ་འདི། །འབྱུང་ལྔ་རྫུ་བའི་བསྟན་དགྲ་འདུལ། །འཁོར་ཤ་ཟ་བདུན་དང་མ་མོ་དགུ། །དུས་མྱུར་དུ་མངག་རྒྱུའི་གཙོ་མོའི་འཁོར། །ང་སྟོང་ཉིད་གཙོ་འཁོར་བཅུ་བདུན་དེ། །རྫུ་འཕྲུལ་ཤུགས་ཀྱིས་འདི་རུ་སླེབས། །གནས་ཡུལ་ཆེ་བ་ནགས་ཀྱི་ལྗོངས། །ཕུན་སུམ་ཚོགས་པ་ཤག་གི་ས། །ངོ་མཚར་ཆེ་བ་ཉང་གི་ཡུལ། །གཡུང་དྲུང་སྒྲུབ་གནས་བོན་གྱི་ཁྲུས། །སྔོན་བག་ཆགས་སྡིག་ནད་ཐམས་ཅད་དེ། །ཤེལ་སྒོ་ལྟ་བུ་དག་པར་གྱུར། །དེ་རིང་དྲག་ཁྲུས་ཁྱོད་ལ་གསོལ། །རཾ་ཤུདྷེ། རཾ་ཤུདྷེ། ཡཾ་ཤུདྷེ། ཡཾ་ཤུདྷེ། ཁཾ་ཤུདྷེ། ཁཾ་ཤུདྷེ་སྭ་ཧཱ། །

ཧྲི་ཧྲི་ཧྲི། ཡང་བསྐྱར་དྲག་ཚིག་འདི་བསྐུལ་བས། །ཤར་མདོ་བཀྲ་ཤིས་སྒོ་མོ་ལ། །དོམ་ནག་ཁ་ཡི་ཁྲག་ཆུ་དེ། །མདོག་སྔོ་མོའི་འབྱུང་བ་ཆུ་ལ་འགྱུར། །དབང་ཆེ་བ་ཆུ་ཡི་རྒྱལ་མཚན་བཙུགས། །བཙུགས་པའི་རྒྱལ་མཚན་འོད་ཟེར་དེ། །ཕྱོགས་བཅུར་ཁྱབ་ནས་བདེ་སྐྱིད་འབྱུང༌། །ལྷོ་འབྲས་མོ་ལྗོངས་ཀྱི་ཡུལ་གྲུ་ལ། །གསུང་ཡིག་དྲུག་རང་སྒྲ་རང་གསལ་དེ། །གསལ་བ་དཔུང་བཙན་རུ་མཚོན་ངོམས། །བཙན་ཤུགས་དྲག་ཆེ་བ་ལྗོངས་ལ་སླེབས། །ལྗོངས་བདེ་སྐྱིད་ཤར་བ་གདོང་ལྔའི་ཤུགས། །ཤུགས་དེ་འདྲ་ཇེ་གསལ་ཇེ་གསལ་འགྲོ། །

ནུབ་ལ་དྭགས་གངས་རིས་སྐོར་ས་གསུམ། །གངས་རྩེ་གསུམ་རྩེ་མོ་དར་དཀར་གསོལ། །དེ་གསོལ་བའི་དུས་སྐབས་མྱུར་དུ་སླེབས། །སླེབས་མ་སླེབས་བར་སྐབས་འཚུབ་ངོ་ཆེ། །འཚུབ་ངོ་ཆེ་བའི་རྒྱབ་ཕྱོགས་ལ། །སིདྡྷི་གྲངས་ལས་འདས་པ་སྒྲོན། །

བྱང་རི་སྟག་དམར་རྔམ་བརྗིད་ཆེ། །སྟག་དམར་ཚེ་ཟད་མཚོན་གྱིས་གསོད། །མཚོན་ཆ་ཤུགས་དྲག་ཅུང་ཙམ་ཆེ། །ཆེ་བའི་དངོས་པོ་རིམ་བཞིན་གསལ། །གསལ་བའི་གསང་རྒྱ་གལ་ཆེ་བ། །གསང་བའི་བརྡ་ཚིག་འདི་འདྲ་གསལ། །དབུས་སྒང་པ་བོད་ཀྱི་ཤུལ་འཛིན་ཚོ། །སྲོག་བདག་སྲུང་མ་དམར་ནག་སོགས། །ཐུགས་མ་དགའ་བསྟན་དགྲ་སྲོག་ལ་རྔམས། །བསྟན་དགྲའི་སྲོག་ཤིང་མེད་པར་བཟོས། །ཤིང་དགྲ་ལྕགས་ཀྱིས་བཅད་པ་ལྟར། །ཆོས་སྲུང་དམ་ལྡན་འཕྲིན་ལས་བཅོལ། །

ཧྲི༔ ཧྲི༔ ཧྲི༔ ཡང་བསྐྱར་དྲག་ཚིག་འདི་བསྐུལ་བས། །ནགས་ལུང་པད་སྡོང་ཡར་རྒྱས་ལ། །ཤར་སྲིན་མོ་༼ནགས་ཤོད་ཤར་གྱི་རི་ཆེན་ཁམས་སྲིན་མོ་རྫོང་༽བྲག་ནག་འགྱིང་རྫོང་དེ། །རྫོང་སུམ་བརྒྱ་ཉེར་བཞིའི་རྫོང་གི་གཙོ། །རྫོང་བདག་༼ཉི་གྲགས་༽པདྨ་འབྱུང་གནས་ཁོང༌། །སྐུ་སྤྲུལ་པ་བྱེ་བ་ས་ཡ་གསལ། །ནགས་ཡུལ་གནས་བདག་པདྨ་འབྱུང༌། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །ཁྱད་པར་ཐུགས་ཀྱི་སྤྲུལ་པ་དེ། །དབུ་པད་ཞུའི་དབྱིབས་ཅན་ཉི་ཟླའི་འཛུམ། །སྐུ་སྨེ་བ་རྡོ་རྗེའི་ཁ་ཊཾ་དབྱིབས། །གདོང་ཞི་མ་ཁྲོ་དེ་རྔམ་བརྗིད་ཆེ། །ཆེ་བ་ནགས་ལུང་རུ་ཐུལ་གཡོན། དངོས་པོ་བཏོན་པའི་སྐྱེས་བུ་དེ། །ལོ་ཁམས་ཤིང་མོ་སྦྲུལ་ལ་ཕེབས། །རུས་ཤེལ་དཀར་སྡོང་པོ་དུང་གི་ལྕེ། །སྐུ་སྙན་པའི་བ་དན་ནགས་ལ་ཁྱབ། །གསུང་གྲགས་པའི་དུང་ཆེན་ལྗོངས་ལ་འབུད། །ཐུགས་པད་འབྱུང་སྤྲུལ་པ་ཉིན་མོ་ལྟར། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག།

ལྷོ་དཔག་ཚད་གསུམ་གྱི་ཕ་མཐའ་ན། །ནགས་བསྟན་སྲུང་ནོར་བུ་༼ནགས་ཤོད་ནུབ་ཀྱི་རི་ཆེན་ནགས་ལྷ་ཛམ་བྷ་༽སྨུག་འཛིན་དེ། །ལོ་དགུ་བརྒྱད་ལ་འཁྱམ་ཉུལ་སོང༌། །རྫ་རྫོང་རིན་ཆེན་སྐུ་མཁར་ནང༌། །ས་སྲིན་འབྱུང་པོ་བདུད་ཀྱིས་བཟུང༌། །སྟོང་ཉིད་བསྟན་པའི་རྒྱལ་མཚན་དེ། །ས་སྲིན་འབྱུང་པོས་དམུ་གབ་བཀབ། །གནས་ཡུལ་རྟེན་མཁར་བཅུ་བདུན་དེ། །རེ་རེ་བཞིན་དུ་རྩ་མེད་བཟོས། །སྐུ་འཁོར་བྱེ་བ་དུང་ཕྱུར་དེ། །འབྱུང་པོ་བདུད་ཀྱི་བྲན་གཡོག་བཅུག །ངན་དགུ་སྡུག་ཅག་ལོ་མང་ཐལ། །ད་ལོའི་གནམ་ལོ་འདི་ལོ་ལ། །ལྷོ་ནུབ་དཔལ་གྱི་ཕོ་བྲང་ནས། །པདྨ་འབྱུང་གནས་དྲག་པོའི་སྐུ། །ས་ག་ཟླ་བའི་ཚེས་བཅུ་ཉིན། །འོད་ཟེར་བོད་ལྗོངས་ཡུལ་དེར་སླེབས། །དམར་པོས་ཁྱབ་ཁྱབ་དཀར་པོས་ཁྱབ། །ཁྱབ་པའི་དངོས་པོ་རིམ་བཞིན་གསལ། །ཁྱད་པར་ཕྱི་མ་ཕྱི་མ་ལོ། །བསྟན་སྲུང་སྨུག་འཛིན་ནགས་ལ་ཕེབས། །རྫ་རྫོང་རིན་ཆེན་སྐུ་མཁར་ནང༌། །ས་སྲིན་འབྱུང་པོ་ཕྱིར་འབུད་བརྒྱབ། །སྟོང་ཉིད་བསྟན་པའི་རྒྱལ་མཚན་དེ། །རྒྱལ་མཚན་མི་ནུབ་ཕྱོགས་བཅུར་རྒྱས། །གྲི་འདྲེ་ལ་སོགས་དམིགས་མེད་འཇོམས། །འཇོམས་ཏེ་འཇོམས་ཏེ་ངོ་མཚར་ཆེ། །ངོ་མཚར་དེ་འདྲ་ལྗོངས་ལ་མཚར། །མཚར་བའི་གད་མོ་ལན་གསུམ་ཤོར། །ནུབ་ནག་ཤག་རྒྱལ་སྲི་རུ་སྒང་གཡས། །ཕོ་བྲང་གངས་བྲག་མཚོ་གསུམ་ཁྱབ། །སྔོན་ཨོ་རྒྱན་པདྨའི་དམ་ལྡན་ལ། །བར་སེང་ཆེན་རྒྱལ་པོའི་བཀའ་མ་བཅག །ཐ་མ་ཉི་གྲགས་བསྟན་པ་སྲུང༌། །ངན་དགུའི་དུས་སྐབས་འདི་རུ་ལ། །བཞུགས་པའི་མཁར་རྫོང་མ་ཤོར་བའི། །གསང་བའི་རྒྱལ་ཐོད་༼བྱི་རོ་རྒྱལ་བ་ཐོད་དཀར་༽ངོ་མཚར་ཆེ། །ནགས་ཀྱི་ལྗོངས་ལ་ཁ་འཛིན་མཛོད། །ཞི་བའི་འགྲོ་དོན་ཡབ་ཀྱིས་མཛོད། །དྲག་པོའི་གདུལ་ཞིང་སྲས་ཀྱིས་མཛོད། །ཐུགས་སྲས་ཤ་མགོ་མེ་འབར་ཁྱོད། །དྲག་འདུལ་ཤ་མགོ་མེ་འབར་ཁྱོད། །དྲག་འདུལ་མཛད་པའི་དུས་སྐབས་སླེབས། །དགྲ་ཤ་ཟོ་ལ་དགྲ་ཁྲག་ཐུངས། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །ཁམས་གསུམ་དབང་དུ་སྡུས་ལ་སྐྱོབས། །ཆོས་སྲིད་མངའ་ཐང་དར་བ་དང༌། །ནག་ཕྱོགས་བསྟན་དགྲ་ཚར་གཅོད་པའི། །བཅོལ་བའི་འཕྲིན་ལས་འགྲུབ་པར་ཤོག།།

བྱང་ཕྱོགས་ཤག་གི་རུ་ཐུར་གཡོན། །བོན་གནས་ཤེལ་དཀར་གཏེར་༼སུམ་ཅུ་བརྩེགས་པའི་གནས་ཀྱི་གཙོ་བོ་སེ་བཀྲ་རྫ་རྒན་༽རྫོང་དེ། །དགུ་གསུམ་ཉེར་བདུན་རྫོང་གི་གཙོ། །རྫོང་བདག་དྲན་པ་ནམ་མཁའ་དེ། །ཞི་དྲག་གསང་གསུམ་སྤྲུལ་པ་འབྱུང༌། །དྲག་པོའི་སྤྲུལ་པ་རྟ་མགྲིན་དམར། །ནགས་ཀྱི་བྱང་ཕྱོགས་རྟ་སྐད་སྒྲོགས། །གྲགས་པའི་བསྟན་པ་ཉིན་མོ་ལྟར། །འཆར་བའི་དུས་སྐབས་ཇེ་ཉེར་སླེབས། །སླེབས་ཏེ་སླེབས་ཏེ་བཀྲ་རེ་ཤིས། །བཀྲ་ཤིས་འོ་བརྒྱལ་དོན་རེ་འགྲུབ། །དབུས་ནགས་སྨད་སྤྲུལ་མདའ་རོང་སྒོ་ལ། །དུས་སྐབས་གཅིག་གི་གོང་རོལ་ལ། །དུང་དཀར་འབུད་ཅིང་གཎྜི་བརྡུང༌། །ཤར་དགོན་ཆོས་ཀྱི་རྒྱལ་༼འབྲི་རུ་དགོན་༽མཚན་བཙུགས། །གནས་ཡུལ་རྒྱབ་རི་ཁྱུང་དམར་དེ། །ཁྱུང་རྭ་རུ་ཐུལ་དར་གྱིས་བརྒྱན། །བརྒྱན་པས་དར་སྤུངས་ནགས་ལ་ཁྱབ། །ཁྱབ་སྟེ་ཁྱབ་སྟེ་ཨེ་མ་ཧོ། ། བསྟན་དགྲ་མི་མིན་མི་རུ་རྫུ་བ་དང་ལྷ་མིན་ལྷ་རུ་རྫུ་བ་དེ་ཚོ་ཆོས་སྲུང་དམ་ལྡན་དེ་ཚོས་སྙིང་ཁྲག་ཞལ་དུ་བཞེས་ཤིག ཕཊ་ཕཊ་ཕཊ། དགེའོ། །དགེའོ། །དགེའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *