ཆོས་སྲིད་རྣམ་དབྱེའི་ཟུར་རྒྱན།

 

ཆོས་སྲིད་རྣམ་དབྱེའི་ཟུར་རྒྱན།

 

སྲིད་པ་རྣམས་ཀྱིས་ཆོས་ལ་ཇུས་གཏོགས་བྱེད།།

ཆོས་པ་རྣམས་ཀྱིས་སྲིད་ཀྱི་རྐུབ་སྟེགས་འཛིན།།

ཆོས་སྲིད་ཕན་ཚུན་ལག་ཆར་བྱེད་ཙ་ན།།

གཉིས་ཀ་ཉམས་པ་ལོ་རྒྱུས་དཔང་པོར་གདའ།།

ཆོས་པས་སྲིད་ཀྱི་རྐུབ་སྟེགས་འགྲན་པ་དང་།།

སྲིད་པས་ཆོས་ལ་དགག་རྟོག་བྱེད་པ་སོགས།།

སྐལ་མེད་ས་རུ་སྐེ་རིང་བསྲིངས་བྱས་པས།།

སྐེ་རིང་ས་ལ་ལྷུང་བ་ཉུང་ཉུང་མིན།།

 

ཆབ་སྲིད་འདི་ཡང་བསམ་གྱིས་མི་ཁྱབ་གཅིག།།

ཆོས་རིག་འདི་ཡང་བསམ་གྱིས་མི་ཁྱབ་གཅིག།།

བསམ་གྱིས་མི་ཁྱབ་ཁུར་ཆེན་གང་གཉིས་པོ།།

སྟབས་གཅིག་གང་ཟག་ཕལ་གྱིས་སྤྱོད་ཡུལ་མིན།།

 

ཆོས་པ་རྣམས་ཀྱིས་ཆོས་ལ་བརྩོན་གྱུར་ཅིང་།།

སྲིད་པ་རྣམས་ཀྱིས་སྲིད་ལ་འབད་གྱུར་ན།།

ཆོས་སྲིད་གཉིས་ཀ་བཙན་པོའི་སྐབས་བཞིན་དུ།།

དར་ཞིང་རྒྱས་ལ་རིང་པོར་མི་འདུག་གོ།

 

རྡ་རམ་ས་ལའི་སྲིད་ཀྱི་རྐུབ་སྟེགས་སྟེང་།།
ངུར་སྨྲིག་གྱོན་པའི་ཤཱཀྱའི་བཙུན་པ་འགའ།།
སྲིད་ཀྱི་སྐད་ཆ་ངར་ངར་ཤོད་ཙ་ན།།
རྟགས་ཙམ་འཛིན་པའི་དུས་ལ་སླེབས་སམ་སྙམ།།

སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༤ ཉིན་འབྲོང་ངུར་ཕོ་ཉའི་རྩོམ་ཡིག་ཆོས་སྲིད་རྣམ་དབྱེའི་ཟུར་རྒྱན་དུ་བྲིས།

 

 

ཆོས་པས་ཆོས་སྒྲུབ་སྲིད་པས་སྲིད་བསྒྲུབ་ལ།།

ཆོས་སྲིད་གཉིས་བར་འཐབ་རྩོད་དགོས་དོན་མེད།།

རང་རང་ས་ནས་རིགས་གཅིག་རྐང་འཛིན་གྱིས།།

འབངས་ལ་བདེ་སྐྱིད་བསྐྲུན་དགོས་གཞན་དུ་རྨོངས།།

 

ལྡུམ་རའི་ནང་གི་མེ་ཏོག་དཀར་པོ་དང་།།

ལྡུམ་རའི་ནང་གི་མེ་ཏོག་དམར་པོ་གཉིས།།

རང་རང་ས་ནས་གཅེས་སྐྱོང་ལེགས་བྱས་ན།།

སྐྱེ་བོའི་མིག་ལ་མཛེས་པ་མི་ཆེ་འམ།།

 

ཆོས་ཀྱིས་སྲིད་ལ་རམ་འདེགས་བྱེད་པ་དང་།།

སྲིད་ཀྱིས་ཆོས་ལ་ཕན་གྲོགས་བྱེད་པ་ལ།།

རང་རང་ས་ནས་བྱེད་སྟངས་བྱེད་ལུགས་ཤིག།།

ར་མ་ལུག་གིས་གར་ཡང་གོ་མི་ཆོད།།

 

གནའ་བོའི་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་གཅིག།

དེང་གི་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས།།

ད་དུང་དེ་གཉིས་བར་གྱི་ཟུང་འབྲེལ་གསུམ།།

ཆོས་སྲིད་ཟུང་འབྲེལ་འདི་ཡང་དཀའ་རྙོག་ཅིག།།

 

ང་རང་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་གཅིག།།

སྐུ་ཉིད་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས།།

ད་དུང་གཞན་གྱི་ཆོས་སྲིད་ཟུང་འབྲེལ་གསུམ།།

ཆོས་སྲིད་ཟུང་འབྲེལ་འཇོག་ཚུལ་ཤིན་ཏུ་མང་།།

 

གནའ་དུས་ཁ་བའི་རླབས་ཆེན་མེས་པོ་འགས།།

ཆོས་སྲིད་ཟུང་དུ་སྦྲེལ་ནས་འབངས་མི་བསྐྱངས།།

གཅིག་ཕན་གཅིག་གྲོགས་ཕན་པ་བསྐྲུན་པ་ཡང་།།

ཉུང་ཉུང་མ་ཡིན་མང་པོའང་ཞེ་དྲག་མིན།།

 

ཆོས་པས་སྲིད་ལ་གུས་བཀུར་ལོས་ཀྱང་དགོས།།

སྲིད་པས་ཆོས་ལའང་དེ་བཞིན་དེ་བཞིན་ནོ།།

མི་ཉམས་རྒྱུན་འཛིན་རང་རང་ས་ནས་བྱོས།།

མི་ཐེག་ཁུར་པོ་རྐང་ཚིགས་ལོག་པའི་རྒྱུ།།

ཆོས་པས་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས།།

འབངས་ཀྱི་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་བྱོས།།

སྲིད་པས་སྲིད་ལ་སློབ་སྦྱོང་གཏིང་ཟབ་ཀྱིས།།

འབངས་ཀྱི་ལུས་ལ་བདེ་སྐྱིད་བསྐྲུན་ཐབས་བྱོས།།

 

ཆོས་སྲིད་ཟུང་འབྲེལ་གོ་དོན་རྙོག་འཛིང་ཆེ།།

བདག་ནི་དེ་ལ་རྒོལ་སྒྲུབ་གང་ཡང་མེད།།

གྲྭ་བཙུན་གཟུགས་ཀྱིས་སྲིད་ཀྱི་རྐུབ་སྟེགས་སུ།།

འཚང་ཁ་བྱེད་ལ་བདག་ནི་ཡིད་མ་རངས།།

 

རྒྱལ་ཁབ་གང་གི་སྲིད་ཀྱི་བྱ་བ་ནི།།

གོ་སྐབས་འཚོལ་དང་རང་རྒྱལ་གཞན་ཕམ་ཟེར།།

མ་ཟད་སྲིད་ཀྱི་ལས་འདི་བསམ་མི་ཁྱབ།།

རང་གི་གོས་དང་ཁ་དོག་འཚམས་སམ་ཅི།།

 

བློ་བཟང་མིང་ཅན་གངས་རིའི་སེང་གེ་དེས།།

རང་གི་དཔུང་རོགས་བཀའ་བློན་འདེམ་པ་ན།།

གྲྭ་བཙུན་གཅིག་ཀྱང་མཐོང་རྒྱུ་མེད་པ་ནི།།

ཅི་འདྲའི་ཡིད་འོང་མིག་ལྟོས་གསར་པ་ཞིག།།

 

གངས་རིའི་ལྗོངས་ཀྱི་ལོ་རྒྱུས་དཀར་པོ་འདི།།

རྒྱུན་འཛིན་ཐུབ་པའི་སྨོན་པ་བདག་ལ་མཆིས།།

ད་ནི་ཕྱིན་ཆད་སྲིད་ཀྱི་རྐུབ་སྟེགས་སུ།།

དགེ་སྦྱོང་གཅིག་ཀྱང་མཐོང་རྒྱུ་མེད་ན་ཨང་།།

 

ཆོས་ལྡན་རྒྱལ་ཁབ་སྨན་ལྗོངས་འབྲུག་ཡུལ་ན།།

ཆོས་སྐྱོང་སྲིད་སྐྱོང་ཁ་ཁ་སོ་སོར་མཆིས།།

གྲྭ་བཙུན་རྣམས་ཀྱིས་སྲིད་ཀྱི་རྐུབ་སྟེགས་ཕྱིར།།

འགྲན་རྩོད་ལྟ་ཅི་འོས་ཀྱང་འཕེན་མི་བྱེད།།

 

གྲྭ་པའི་གཟུགས་ཀྱིས་སྤྱི་འཐུས་བཀའ་བློན་སོགས།།

བྱེད་པ་འདི་ནི་ངོ་མ་ཡ་མཚན་ཞིག།།

བྱེད་སྲོལ་འདི་ལ་རྒྱལ་བ་རྣམ་གཉིས་ཀྱིས།།

སྔ་ཕྱིར་མཇུག་བསྡོམས་བརྒྱབས་པ་མ་བརྗེད་ཨང་།།

 

གངས་རིའི་ཕྲུ་གུ་སྐལ་བཟང་རབ་རྒྱས་ཁྱེད།།

རྩོམ་ཡིག་ཆུ་མོ་བཞུར་བཞུར་རྒྱུན་དུ་ཕྲིས།།

མིང་མཐའ་འདྲེན་ཚུལ་དག་ཆ་ནོར་བ་སོགས།།

རྗོད་བྱེད་ཚིག་ལ་སྐྱོན་ཆ་འགའ་ཞིག་མཆིས།།

 

སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་གངས་ཕྲུག་སྐལ་བཟང་རབ་རྒྱས་ཀྱི་མཆན་ལན་དུ་བྲིས།

 

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *