མེ་ཏོག

མེ་ཏོག

 

རྒྱ་སེ་མེ་ཏོག་ཚེར་སྡོང་རྩེ་ལ་འཁྲུངས།།

ཕྱིར་མིག་བལྟས་ན་ཚེར་སྡོང་རིང་པོ་ཞིག།།

ད་དུང་ཚེར་སྡོང་རྩེ་ན་འཛུམ་དམུལ་དམུལ།།

རྒྱ་སེ་མེ་ཏོག་མཛེས་པ་ཀུན་གྱི་ཏོག།

 

རྒྱ་སེ་མེ་ཏོག་ཚེར་སྡོང་རྩེར་ཡོད་ཀྱང་།།

ད་དུང་འཛུམ་པའི་འདབ་མ་ལྷུག་ལྷུག་གྲོལ།།

ཉེ་སར་བཅར་བའི་སྐྱེས་བུ་སུ་ལ་ཡང་།།

མགོ་ལྕོག་ལྡེམ་ལྡེམ་མཛེས་པའི་ཉམས་འགྱུར་སྟོན།།

ཉི་དགའ་མེ་ཏོག་ལྕུག་ཕྲན་སྡོང་བུར་འཁྲུངས།།

ཕྱིར་མིག་བལྟས་ན་ལྕུག་ཕྲན་རིང་པོ་ཞིག།།

ད་དུང་ལྕུག་ཕྲན་རྩེ་ན་འཛུམ་དམུལ་དམུལ།།

ཉི་དགའ་མེ་ཏོག་མཛེས་བཅུད་གཉིས་དང་ལྡན།།

 

ཉི་དགའ་མེ་ཏོག་ལྕུག་ཕྲན་རྩེར་ཡོད་ཀྱང་།།

དགའ་གུས་འཛུམ་བཅས་ཉི་མའི་ཟེར་ལ་ལྟ།།

མིག་མཛེས་རོ་བཅུད་ཡོན་ཏན་མཆོག་མངའ་ཡང་།།

མགོ་ལྕོག་ལྕོག་ལྡེམ་ལྡེམ་གུས་པའི་ཉམས་འགྱུར་སྟོན།།

 

ཐག་འཁྱུད་མེ་ཏོག་ཤིང་ཐག་རྩེ་མོར་འཁྲུངས།།

ཕྱིར་མིག་བལྟས་ན་ཐག་འཁྱུད་རིང་པོ་ཞིག།།

ད་དུང་ཐག་འཁྱུད་རྩེ་ན་དགོད་ཤིག་ཤིག།།

ཐག་འཁྱུད་མེ་ཏོག་ལྷན་ཚོགས་སྙིང་ལ་རྗེ།།

 

ཐག་འཁྱུད་མེ་ཏོག་ཐག་འཁྱུད་རྩེར་ཡོད་ཀྱང་།།

འཛིང་རྙོགས་དཀྱིལ་ནས་སོ་ཕྲེང་ཟེའུ་འབྲུ་དགོད།།

ཕྱོགས་བཞི་མཚམས་བརྒྱད་དམ་དུ་བཀྱིགས་ན་ཡང་།།

མགོ་ལྕོག་ལྡེམ་ལྡེམ་སྤོབས་པའི་ཉམས་འགྱུར་སྟོན།།

 

གནས་མཆོག་རྡོར་གདན་དུ། འབྲོང་ངུར་ཆོས་རྗེས། ༢༠༡༢།༠༢།༢༥ ཉིན་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *