རྒྱལ་བ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་ཆེན་པོར་གསོལ་བ་འདེབས་པ་བྱིན་རླབས་འདོད་འཇོ།

༄༅།   །རྒྱལ་བ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་ཆེན་པོར་གསོལ་བ་འདེབས་པ་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།

 

རྒྱལ་ཀུན་གསང་བདག་མཁྱེན་བརྩེའི་འོད་དཀར་ལས།།

གང་འདུལ་རོལ་གར་བསྟན་དང་འགྲོ་བའི་བཤེས།།

འགྲོ་འདུལ་མཚན་ཅན་འབྲོང་ངུར་ཆོས་ཀྱི་རྗེར།།

གསོལ་བ་འདེབས་སོ་དེང་འདིར་ཐུགས་རྗེས་དགོངས།།

 

ཟང་ཟིང་ཁྲོད་ནས་ཞི་བའི་གོ་འཕང་བརྙེས།།

བཙན་པོའི་བཙོན་ནས་དགོངས་པའི་ཀློང་ཆེན་བརྡོལ།།

རྐྱེན་ངན་གསེང་ནས་དམ་པའི་འབྲས་རྟགས་ངོམས།།

དོན་གྱི་ཆོས་པ་འགྲོ་འདུལ་དེང་འདིར་དགོངས།།

ཐ་མལ་སྐྱེ་བོའི་ལྟ་སྤྱོད་ལས་འགོངས་པའི།།

བྱང་སེམས་ཆེན་པོའི་རྣམ་ཐར་བསྐྱངས་མཛད་ནས།།

གཅེས་པའི་སྐུ་སྲོག་བསྟན་འགྲོར་ཕུལ་བ་ཡི།།

སེམས་དཔའ་ཆེན་པོ་འགྲོ་འདུལ་དེང་འདིར་དགོངས།།

 

དཀར་ཕྱོགས་དགེ་བའི་དབུ་འཕང་དགུང་དུ་བཏེགས།།

ནག་ཕྱོགས་བསྟན་དགྲ་དྲག་པོའི་ལས་ཀྱིས་བསྒྲལ།།

དཀར་ནག་དབྱེ་འབྱེད་སྤུ་རིས་ལེགས་མཁྱེན་པའི།།

དོན་དམ་པཎ་ཆེན་འགྲོ་འདུལ་དེང་འདིར་དགོངས།།

 

དུས་གསུམ་མ་ལུས་ཕྱག་གི་མཐིལ་དུ་བསྣམས།།

ལུང་བསྟན་དབུགས་དབྱུང་སྲིད་སྒྲུབ་མདའ་མོར་འགྲན།།

མ་དག་དུས་སུ་དག་གཟིགས་འབྱམས་སུ་ཀླས།།

གྲུབ་པའི་དབང་ཕྱུག་འགྲོ་འདུལ་དེང་འདིར་དགོངས།།

 

ཡང་གསང་ལྟ་དགོངས་ནང་གི་ཐུགས་དམ་ལས།།

ཡང་གསང་སྤྱོད་པ་སྦྱོར་སྒྲོལ་གྲོགས་སུ་བསྙེན།།

སྣ་ཚོགས་འགྲོ་ལ་སྣ་ཚོགས་སྤྱོད་པ་ཅན།།

འདྲེན་པ་ཆེན་པོ་འགྲོ་འདུལ་དེང་འདིར་དགོངས།།

 

མཁས་དང་གྲུབ་པར་གྲགས་པའི་སྐྱེས་བུ་དག།

གཉན་འཕྲང་འགག་མདོར་གོམ་ཁ་དལ་བའི་དུས།།

བསྟན་པ་བསྲུང་ཕྱིར་ཐམས་ཅད་བློས་བཏང་བ།།

བསྟན་འཛིན་སྐྱེས་མཆོག་འགྲོ་འདུལ་དེང་འདིར་དགོངས།།

 

ཚེ་རབས་ཀུན་ཏུ་མགོན་ཁྱེད་རྣམ་ཐར་སློབ།།

བསྟན་འགྲོའི་དོན་དུ་སྒོ་གསུམ་བྲན་དུ་འཁོལ།།

གསོལ་བ་འདེབས་སོ་སྙིང་ཁོང་རུས་གཏིང་ནས།།

གདུང་བས་འབོད་དོ་བདག་རྒྱུད་བྱིན་གྱིས་རློབས།།

 

ཉན་ཐོས་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ།།

མིག་འབྲས་ལྟ་བུར་གཅེས་པར་སྲུང་བ་ཡི།།

སྡོམ་སེམས་ངེས་འབྱུང་མ་སྐྱེས་སྐྱེ་བ་དང་།།

སྐྱེས་ཟིན་རབ་ཏུ་བརྟན་པར་བྱིན་གྱིས་རློབས།།

 

ཐོས་པའི་སྒྲོན་མེས་མི་ཤེས་མུན་པ་བསལ།།

བསམ་པའི་རལ་གྲིས་ཐེ་ཚོམ་འཆིང་ཐག་བཅད།།

སྒོམ་པའི་སྨན་གྱིས་ཉོན་མོངས་དུག་ཆེན་བཅོམ།།

རང་སེམས་སྤོབས་དང་ལྡན་པར་བྱིན་གྱིས་རློབས།།

 

གང་ལ་གང་མོས་འཆད་པའི་ངག་རྩལ་རྫོགས།།

དོན་སྙིང་དཀའ་གནད་རྩོད་པས་གཏན་ལ་ཕབ།།

ཕུལ་བྱུང་རྩོམ་གྱིས་འགྲོ་བའི་ཡིད་དགར་བྱེད།།

དོན་ལྡན་མཁས་གྲལ་འཛིན་ནུས་བྱིན་གྱིས་རློབས།།

 

གཙུག་ལག་རབ་འབྱམས་ཚིག་དོན་གནད་ལ་མཁས།།

དྲན་ཤེས་བག་ཡོད་ཞི་དུལ་སྤྱོད་པ་བཙུན།།

གཞན་ཕན་སྙིང་བཅངས་གཤིས་རྒྱུད་ཀུན་ཏུ་བཟང་།།

དམ་པའི་ཡོན་ཏན་གསུམ་འཛོམས་བྱིན་གྱིས་རློབས།།

 

བཤད་པས་རྒྱལ་བསྟན་ལུང་གི་བང་མཛོད་འཛིན།།

སྒྲུབ་པས་རྟོགས་པའི་རྒྱལ་བསྟན་སྲིད་མཐར་སྐྱོང་།།

སྣ་ཚོགས་ལས་ཀྱིས་རྒྱལ་བསྟན་ཕྱོགས་བཅུར་སྤེལ།།

ཡིད་ལ་བརྣགས་རྣམས་ལྷུན་འགྲུབ་བྱིན་གྱིས་རློབས།།

 

དམ་པ་མིན་ཡང་དམ་པའི་ངང་ཚུལ་ལ།།

གཅིག་ཏུ་མོས་པ་ཚེ་སྔོན་བསོད་ནམས་དཔལ།།

ནམ་ཡང་མི་འགྱུར་མི་ཤིགས་རྡོ་རྗེ་ལྟར།།

བདག་གི་སྙིང་དབུས་བརྟན་པར་བྱིིན་གྱིས་རློབས།།

 

རྒྱལ་བའི་བསྟན་དང་འགྲོ་བའི་བདེ་སྡུག་ལ།།

གཅིག་ཏུ་སེམས་པའི་ཐུགས་སྟོབས་གོ་ཆ་བཙན།།

མགོན་པོ་ཉིད་ལྟར་དགོས་པའི་དུས་སྐབས་སུ།།

ཀུན་གྱི་རེ་འདུན་སྐོང་ནུས་བྱིན་གྱིས་རློབས།།

 

སྡུག་གི་ཀློང་ནས་བདེ་བར་སྤྱོད་ཤེས་ཤིང་།།

བདེ་བའི་ཀློང་ནས་སྡུག་བསྔལ་ངོ་ཤེས་ལ།།

བདེ་སྡུག་གང་ཡང་ལམ་དུ་འཁྱེར་ཤེས་པ།།

ཟབ་མོའི་མན་ངག་དོན་རྟོགས་བྱིན་གྱིས་རློབས།།

 

ཉོན་མོངས་འདོད་ཆགས་གཡོ་ཅན་གྲོགས་པོ་ཉིད།།

ཉོན་མོངས་ཞེ་སྡང་གྲི་ཁྱེར་དགྲ་བོ་བཞིན།།

ཉོན་མོངས་གཏི་མུག་རྒྱབ་ཀྱི་ཇུས་དཔོན་འདྲ།།

ཉོན་མོངས་ངོ་རིས་གསལ་མཐོང་བྱིན་གྱིས་རློབས།།

 

དད་དང་བག་ཡོད་བརྩོན་འགྲུས་ཤེས་རབ་དྲན།།

བཟོད་དང་ཏིང་འཛིན་བྱམས་དང་སྙིང་རྗེ་སོགས།།

དགེ་བའི་སེམས་བྱུང་ཇི་སྙེད་ཇི་བཞིན་དུ།།

ངང་ངམ་ཤུགས་ཀྱིས་སྐྱེ་བར་བྱིན་གྱིས་རློབས།།

 

ཉིན་མོར་སྤྱི་གཙུག་མཚན་མོར་སྙིང་དབུས་སུ།།

པད་ཉིའི་སྟེང་དུ་མགོན་ཁྱེད་རྟག་ཏུ་སྒོམ།།

དད་དམ་བསླུ་མེད་རྟེན་འབྲེལ་བདེན་མཐུ་ཡིས།།

རེ་སྨོན་མཐའ་དག་ཡིད་བཞིན་འགྲུབ་གྱུར་ཅིག།

 

སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ།།

མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་།།

བརྩེ་བས་རྗེས་བཟུང་གདམས་པའི་བདུད་རྩི་མྱོང་།།

ཉིད་དང་དགོངས་པ་དབྱེར་མེད་འགྱུར་བར་ཤོག།།

 

གསང་བདག་མི་ཡི་རོལ་གར་རྒྱལ་བ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན། དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ཞེས་སེམས་དཔའ་ཆེན་པོ་གང་ལ་གསོལ་བ་འདེབས་པ་བྱིན་རླབས་འདོད་འཇོ་ཞེས་བྱ་བ་འདི་ཡང་། འབྲོང་ངུར་ཕོ་ཉ་བསྟན་འཛིན་ལམ་བཟང་གིས་བསྐུལ་བ་ལྟར། རྒྱལ་བ་དོན་གྱི་བདག་པོས་གང་གི་སྐྱེ་གྲལ་དུ་བསྔགས་པས་ཐུན་མིན་ལས་སྨོན་གྱི་དམ་ཚིག་ཡིད་ལ་བརྣགས་ཤིང་ངོ་མཚར་རྨད་དུ་བྱུང་བའི་གང་གི་རྣམ་ཐར་ཡིད་ལ་ལྷང་ལྷང་དུ་དྲན་བཞིན་པའི་ངང་། འབྲོང་ངུར་ཆོས་རྗེ་བཅུ་དྲུག་པར་འབོད་པ་ངེས་དོན་བསྟན་པའི་རྒྱལ་མཚན་གྱིས། གནས་མཆོག་རྡོར་གདན་ཀུ་སུམ་མགྲོན་ཁང་དུ། སྤྱི་ལོ་ ༢༠༡༣ ཟླ་ ༠༡ ཚེས་ ༢༢ ཉིན་གསོལ་བ་ཕུར་ཚུགས་སུ་བཏབ་པ་དགེའོ།། །།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *