རླབས་ཆེན་གྱི་མཛད་འཕྲིན་གླེང་བ།

 

རླབས་ཆེན་གྱི་མཛད་འཕྲིན་གླེང་བ

འབྲི་གུང་༸སྐྱབས་མགོན་ཆེ་ཚང་རྡོ་རྗེ་འཆང་ཆེན་པོའི་སྐུའི་འཁྲུངས་སྐར་དོན་ལྔ་པར་ཕུལ།

             དྲུག་པ་ཚེས་བཞི་ནི ཕྱི་འབྱུང་བཞིིའི་ནུས་བཅུད་སྨིན་ཅིང་། རྩི་ཤིང་ལོ་ཏོག་གི་འཕེལ་ཁ་རྒྱས་ཏེ། ཁོར་ཡུག་ཀུན་ལྗང་ཐིང་ངེར་གྱུར་པས། འཇིག་རྟེན་ཀུན་དགའ་བར་བྱེད་པའི་དུས་བཟང་ཞིག་ཡིན། ཕྱི་སྣོད་ཀྱི་འབྱུང་བཞི་བཅུད་དུ་སྨིན་པསདེ་ལ་ལྟོས་པའི་ནང་ལུས་ཕུང་གི་འབྱུང་བཞིའངབཅུད་དུ་སྨིན་པ་ཆོས་ཉིད་ཡིན་ཞིང་། ལུས་ཕུང་གི་འབྱུང་བཞི་ལས་སུ་རུང་བས་དེ་ལ་བརྟེན་པའི་གསང་བ་རྣམ་པར་ཤེས་པལས་སུ་རུང་བ་ཆོས་ཉིད་ཡིན་པས། སྟོན་པ་ཤཱཀྱ་ཐུབ་པས་ཡུལ་ཝཱ་རཱ་ཎ་སཱིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཁྱད་པར་ཅན་ཞིག་ཀྱང་ཡིན། དེ་ལྟ་ན་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་ཤིང་། ཆོས་དང་འཇིག་རྟེན་གཉིས་ཐད་ནས་དུས་ཁྱད་པར་ཅན་དུ་གྱུར་པའི་སྐབས་འདིར་༸སྐྱབས་མགོན་གང་ཉིད་ཀྱི་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནི། རྟེན་འབྲེལ་གྱི་གནད་ལ་དབང་ཐོབ་པའི་བསྟན་པའི་བདག་པོཞིག་སྐུ་འཁྲུངས་པ་ལོས་ཡིན། དེས་ན་གང་གི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གྲངས་མེད་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། གང་གི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་ཐུན་མོང་མ་ཡིན་པའི་རླབས་ཆེན་གྱི་མཛད་འཕྲིན་རྣམ་གསུམ་རགས་ཙམ་གླེང་བའི་སྒོ་ནས་འཁྲུངས་སྐར་གྱི་དགའ་སྟོན་བསུ།

དང་པོ།

                འགྲོ་བ་མི་རྣམས་འགྱུར་བ་དང་དུས་འགྱུར་བའི་དབང་གིས་བསིལ་ལྡན་གངས་རིའི་ལྗོངསསུ་བསྟན་འགྲོ་སྤྱི་དང་བྱེ་བྲག་ཀུན་ལ་ཉམས་ཉེས་ཚབས་ཆེན་བྱུང་བ་སླར་གསོའི་ཐུགས་བསྐྱེད་དམ་བཅའ་བཙན་པོས། སྐྱེ་འགྲོ་ཀུན་གྱི་གཅེས་ཤོས་སུ་གྱུར་པའི་སྐུའི་སྲོག་གི་དབང་པོ་ཡང་ དམར་པོའི་མེ་མདའི་འབེན་ལ་བཞག་ནས་བཙན་བྱོལ་དུ་ཕེབས་པ་ནི། སྐྱབས་མགོན་གང་གི་བསྟན་འགྲོའི་དོན་དུ་བཅངས་པའི་ཐུགས་བརྩེདང་དེ་ལས་བྱུང་བའི་སྙིང་སྟོབས་བླ་ན་མེད་པ་ཞིག་ཡིན།

                ཇི་སྐད་དུ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཞེས་པ་ལྟར། ས་སྟོང་པ་དང་གནམ་སྟོང་པ་ཞིག་ལས་ཅི་ཡང་མེད་པ་ནས། སྐུ་གསུང་ཐུགས་ཀྱི་ངལ་བ་དཔག་མེད་བསྐྱོན་ཏེ རྒྱལ་བ་འབྲི་གུང་པའི་བསྟན་་གཞིར་བཞེངས་སུ་མཛད་པས ད་ཆ་རྟེན་དང་བརྟེན་པའི་བཤད་སྒྲུབ་ཀྱི་དཀྱིལ་འཁོར་རྩ་ལག་ཡོངས་སུ་རྫོགས་པའཛམ་གླིང་ཤར་ལྷོ་ནུབ་བྱང་ཡོངས་ལ་དར་ཞིང་རྒྱས་པའདི་ནི། ཐོག་མཐའ་བར་གསུམ་དུ་༸སྐྱབས་མགོན་གང་གི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་བཙན་པ་ལས་བྱུང་བ་ཞིག་ཡིན་པ་ནི་བརྗོད་ག་ལ་དགོས། ཅི་སྟེ་༸སྐྱབས་མགོན་གང་ཉིད་སྐུ་སྲོག་ལ་མ་འཛེམས་པ་བཙན་བྱོལ་དུ་བྱོན་པར་མ་གྱུར་ཚེ རྒྱལ་བ་འབྲི་གུང་པའི་བསྟན་པ་འདི་ལྟར་གཞིར་བཞེངས་དར་རྒྱས་སུ་ག་ལ་གྱུར་ཏེ། མགོ་མེད་པའི་ལུས་པོས་ཅི་ཡང་དོན་བྱེད་མི་ནུས་ཤིང་ སྲོག་དང་བྲལ་བའི་གཟུགས་ཀྱི་ཕུང་པོ་ནི་རིང་པོར་འཚོ་མི་ཐུབ་པ་ཆོས་ཉིད་ཡིན་པའི་ཕྱིར་རོ།།

              དེ་ཡང་ལུང་གི་བསྟན་པ་ཁོ་ནའི་ཕྱོགས་སུའང་མ་ལྷུངས། རྟོགས་པའི་བསྟན་པ་ཁོ་ནའི་ཕྱོགས་སུའང་མ་ལྷུངས་པར། ལུང་རྟོགས་ཀྱི་བསྟན་པ་གཉིས་ཀ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་མཛད་ཅིང་། དེ་འཛིན་པར་བྱེད་པ་ཡང བཤད་པ་ཁོ་ནའི་ཕྱོགས་སུའང་མ་ལྷུངས། སྒྲུབ་པ་ཁོ་ནའི་ཕྱོགས་སུའང་མ་ལྷུངས་པར། བཤད་གྲྭ་དང་། སྒྲུབ་གྲྭ་དང་། སློབ་གྲྭ་དང་། དགོན་པ་དང་། བཙུན་དགོན་རྣམས་ཕྱག་བཏབ་སྟེ། རྒྱལ་ཕྱི་ནང་ཀུན་ཏུ་བཤད་སྒྲུབ་གཉིས་ཀའི་རྒྱུན་ཉམས་པ་སླར་གསོ་དང་མི་ཉམས་འཛིན་སྐྱོང་སྤེལ་གསུམ་ཉི་མའི་འོད་ཟེར་གྱིས་གར་ཁྱབ་ལ་དར་ཞིང་རྒྱས་པར་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་ནམ་ཡང་གཞལ་བར་དཀའ།

              བཤད་སྒྲུབ་ཀྱི་བསྟན་པ་ཙམ་དུ་མ་ཟད། བོད་ཀྱི་རིག་གནས་སྤྱི་ལ་ཐུགས་ཁུར་ཆེར་བཞེས་ཀྱིས། བོད་དང་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་གི་སླད་དུ་གཙོ་བོར་དམིགས་ཏེ། སྙན་གྲགས་ཅན་གྱི་སྲོང་བཙན་དཔེ་མཛོད་ཁང་གསར་བཞེངས་དང་། ཏུན་ཧོང་གི་ལོ་རྒྱུས་ཡིག་རྙིང་ལ་ཁུངས་བཅོལ་ཏེ་བོད་བཙན་པོའི་རྒྱལ་རབས་ལྗགས་རྩོམ་གནང་སྟེབོད་ཀྱི་ལོ་རྒྱུས་རིག་པ་ལ་རྨད་དུ་བྱུང་བའི་ལེགས་སྐྱེས་གསར་པ་ཞིགཕུལ་བར་མཛད་པ་སོགས། མདོར་ན་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ལ་ཕུལ་དུ་བྱུང་བའི་མཛད་རྗེས་འཇོག་གནང་མཛད་པ་ནི། ༸སྐྱབས་མགོན་གང་གི་རླབས་ཆེན་གྱི་མཛད་པ་དང་པོར་ངོས་འཛིན་ཞུ་ཞིང་། སྐུ་ཚེ་ཧྲིལ་པོར་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ངལ་བ་སྟོང་ཕྲག་དང་དུ་བླངས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་འབུར་དུ་ཐོན་པ་ཞུ་གནང་མཛད་པར། དེ་རིང་༸སྐྱབས་མགོན་གང་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་སྦྲགས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

གཉིས་པ།

​                  རང་ཅག་གི་རྟེན་གནས་འཛམ་བུའི་གླིང་འདིར་མིརྣམས་འདོད་རྔམ་དང་འགྲན་རྩོད་ཀྱི་དབང་གིས། ཁོར་ཡུག་ལ་དོ་སྣང་དང་གཅེས་སྤྲས་མིབྱེད་པར་ལྗོན་ཤིང་གཅོད་འབྲེག་སོགས་རང་སྣང་གང་ཤར་བྱས་པས འབྱུང་བ་བཞི་ཆ་མི་སྙོམས་པར་གྱུར་ཏེ རང་བྱུང་ཁམས་ཀྱི་རང་བྱུང་ཉམས་ཤིང་ འཛམ་གླིང་གི་ཚ་དྲོད་རབ་ཏུ་འབར་ཏེ། གངས་ཀྱི་རི་བོའང་བྲག་གི་རི་བོར་འགྱུར་བཞིན་པ་དང་ མཁའ་རླུངསྦགས་བཙོག་ཏུ་གྱུར་ཏེ། གྲོང་དང་གྲོང་ཁྱེར་རྣམས་སུ་སྐྱེ་འགྲོའི་ཚེ་སྲོག་ལ་མེད་དུ་མི་རུང་བའི་འཚོ་རླུང་ཤིན་ཏུ་དཀོན་པར་གྱུར་ཅིང་ ཆུ་ཀླུངཆེན་པོ་རྣམས་ཀྱང་རྙོག་མར་གྱུརཔ་སོགས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་མངོན་སུམ་དུ་གྲུབ དེའི་དབང་གིས་གློ་བུར་དུ་ས་འགུལ་བ་དང་ཆུ་རྒྱས་པ་དང་མེ་འབར་བ་དང་རླུང་འཚུབ་པ་སོགས་འབྱུང་བ་བཞིའི་འཇིགས་པ་ཡང་ཡང་བྱུང་བས། འཛམ་གླིང་སྐྱེ་འགྲོ་དུ་མའི་ཚེ་སྲོག་ཤོར་དང་འཆོར་བཞིན་ཡོད། ད་དུང་འདི་མུར་བསྐྱོད་ཚེ་མ་འོངས་པའི་སྐྱེ་འགྲོ་རྣམས་མཁའ་རླུང་གཙང་མ་ཞིག་ཐོབ་མིན་ལའང་སེམས་ཁྲལ་བྱེད་དགོས་པའི་གནས་སུ་གྱར་རྒྱུ་སྨོས་ཅི་འཚལ།

                   ཉིན་རེ་བཞིན་འཛམ་གླིང་གི་ཚ་དྲོད་ཚད་ལ་བརྒལ་བདང་ ཉིན་རེ་བཞིན་མཁའ་རླུང་སྦགས་བཙོག་ཆེ་རུ་འགྲོ་བཞིན་པའི་ཁོར་ཡུག་གི་དཀའ་ངལ་འདི་ཉིད་ནི། འཛམ་གླིང་གི་གནད་དོན་ཆེས་ཤིན་ཏུ་གལ་ཆེ་ཤོས་སུ་གྱུར་ཡོད་ཅིང་། འཛམ་གླིང་ཞི་བདེ་དང་སྐྱེ་འགྲོའི་ཚེ་སྲོག་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། ༸སྐྱབས་མགོན་གང་གིས་ཚིག་སྐམ་པོ་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྐྱོང་གི་ལས་འགུལ་ལ་དངོས་སུ་མཉམ་ཞུགས་སྣེ་ཁྲིད་གནང་ཞིང་། ལྟོས་བཅས་ཡོངས་ལའང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བསྐུལ་ཏེ ས་གནས་ས་ཐོག་ཏུ་མིག་མཐོང་ལག་ཟིན་གྱི་ལས་འགུལ་སྤེལ་བར་མཛད་པ་ནི། འཇིག་རྟེན་ཞི་བདེ་དང་བྱམས་བརྩེ་སྨྲ་བའི་སྐྱེ་བོ་མཐོ་དམན་ཀུན་ལ་མིག་དཔེ་བཟང་པོ་ཞིག་ཀྱང་ལོས་ཡིན།

                   དེས་ན་༸སྐྱབས་མགོན་གང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་ལྗོན་ཤིང་འདེབས་འཛུགས་སོགས་ཀྱི་ལས་འགུལ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་གནང་བ་སོགས་ཁོར་ཡུག་ལ་སྨན་པའི་བགྱི་བ་དུ་མ་བརྩམས་དང་རྩོམ་བཞིན་པ་ནི། ད་ལྟ་དང་མ་འོངས་པའི་སྐྱེ་འགྲོ་གྲངས་མེད་པ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ཅིང་། ཁ་ཚ་དགོས་གཏུགས་ཀྱི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པ་ལྟ་ཅི་སྨོས།

                   ༸སྐྱབས་མགོན་གང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་ལྗོན་ཤིང་གཅིག་བཙུགས་པས་ནི རྒྱལ་ཕྱི་ནང་གང་སར་ཡོད་པའི་གང་གི་སློབ་འབངས་ཁྲི་འབུམ་དུ་མའི་སེམས་ལ་ལྗོན་ཤིང་འདེབས་འཛུགས་བྱེད་དགོས་པའི་བག་ཆགས་བཟང་པོ་ཞིག་ངང་ཤུགས་ཀྱིས་བསྐྲུན་པའི་ཕྱིར་ན གང་གི་ལྗོན་ཤིང་གཅིག་བཙུགས་པ་ནི་དོན་དུ་ལྗོན་ཤིང་ཁྲི་འབུམ་དུས་གཅིག་ལ་བཙུགས་པ་དང་ཁྱད་མ་མཆིས།

                  དེའི་ཕྱིར་ན། ༸སྐྱབས་མགོན་གང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དུ། ཁ་བཤད་ལག་ལེན་གཉིས་ཡོད་ཀྱི་ཐུགས་ཁུར་ཆེར་བཞེས་གནང་དང་གནང་བཞིན་པ་འདི་ཉིད་ནི། གང་གི་རླབས་ཆེན་གྱི་མཛད་པ་གཉིས་པར་ངོས་འཛིན་ཞུ་ཞིང་། སྐུ་དང་སུང་དང་ཐུགས་གསུམ་ཀའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྐྱོང་གི་དོན་དུ་འབད་པ་དྲག་པོ་གནང་བར། དེ་རིངགང་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་སྦྲགས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

གསུམ་པ།

​                   མཉན་ཡོད་ནི། ལོ་རྒྱུས་ཡིག་ཆ་ཁག་ཏུ་ཡོངས་སུ་གྲགས་པ་ལྟར། བདག་ཅག་གི་སྟོན་པས་དབྱར་ཉི་ཤུ་རྩ་ལྔ་བཞུགས་པ་སོགས་སྐུ་ཚེའི་བཞུགས་ཡུན་རིང་ཤོས་ཀྱི་གནས་སུ་མཛད་པ་སྟེ དེ་ལསསྟོན་པས་མཉན་ཡོད་ཀྱི་གནས་འདི་ཉིད་གནས་མཆོག་ཁྱད་པར་ཅན་དུ་གཟིགས་ཡོད་པ་ནི་ཤེས་ལྡན་ཀུན་གྱིས་བདེ་བླག་ཏུ་དཔོག་ཐུབ། འོན་ཀྱང་དེང་སྟོན་པའི་རྗེས་འབྲང་དུ་རློམ་པ་དག་གི་དོ་སྣང་དེ་ཙམ་མ་བྱས་པརཟུར་ལུས་སུ་གྱུར་ཅིང་། རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱི་སོགས་སུ་ཆོས་ཀྱི་བསྟི་གནས་ཚང་ཁ་ཤིག་ཤིག་གིས་བཀང་དང་འགེངས་བཞིན་པའི་དུས་འདིར། ༸སྐྱབས་མགོན་ཁྱེད་ཀྱིས་མཉན་ཡོད་ཆོས་ཀྱི་བསྟི་གནས་སླར་གསོའི་ཐུགས་འགན་བཞེས་ཏེ། མཉན་ཡོད་ནང་པའི་གཙུག་ལག་ཁང་གསར་བཞེངས་ཀྱིས། ལོ་ལྟར་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་དང་། མཉན་ཡོད་ནང་པའི་དབྱར་གནས་སླར་གསོ་སོགས་མཛད་པ་ནི། ཇི་སྐད་དུ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ཅེས་གསུངས་པ་ལྟར་སེམས་དཔའ་ཆེན་པོའི་རྣམ་ཐར་ཅི་ལ་མིན།

                   ནང་པ་སྤྱིའི་ཆོས་ཀྱི་བྱེད་སྒོ་སྤེལ་ས་དང་བརྒྱུད་པ་མི་འདྲ་བའི་ནང་པ་སྤྱི་ཡོངས་ལྷན་འཛོམས་གནང་སའི་བསྟི་གནས་གལ་ཆེན་ཞིག་ཏུ་དམིགས་ཏེ། མཉན་ཡོད་ནང་པའི་གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་ནས་བཟུང་ཐམས་ཅད་ནང་པ་སྤྱི་ལ་ཐུགས་དགོངས་ཆེར་བཞེས་ཀྱིས་བཞེངས་སྐྲུན་གནང་བ་ནི། ངོ་མཚར་དང་ཡ་མཚན་གྱི་གནས་སུ་མ་མཆིས་ཏེ། ཀུན་མཉམ་ཐུགས་བསྐྱེད་མཁའ་ལྟར་ཡངས་པ་ནིསྐྱེས་བུ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ།།

                   མདོར་ན་སྟོན་པས་མཉན་ཡོད་འདི་ཉིད་གནས་ཁྱད་པར་ཅན་དུ་གཟིགས་པ་ཇི་བཞིན་དུ། སྐྱབས་མགོན་གང་གིས་ཀྱང་གལ་ཆེན་དུ་གཟིགས་ནས་མཉན་ཡོད་སླར་གསོའི་ཐུགས་ཁུར་བཞེས་པ་ནི། ༸སྐྱབས་མགོན་གང་གི་རླབས་ཆེན་གྱི་མཛད་པ་གསུམ་པར་ངོས་འཛིན་ཞུ་ཞིང་། དགུང་ན་མཐོན་པོར་སོན་ཀྱང་སྐུ་གསུང་ཐུགས་ཀྱི་ངལ་བ་ལ་ཅི་མི་སྙམ་པར་མཉན་ཡོད་སླར་གསོའི་དོན་དུ་འབད་པ་དྲག་པོ་གནང་བར། དེ་རིངགང་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་སྦྲགས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

                  མཐའ་དོན་དུ། རིགས་ཀུན་ཁྱབ་བདག་འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུགང་ཉིད་བསྟན་འགྲོའི་དཔལ་དང་མགོན་དུསྐུ་ཚེ་ཡུན་རིངབཞུགས་ཏེརླབས་ཆེན་ཐུགས་ཀྱི་བཞེད་དགོངས་དང་འཕྲིན་ལས་མཐའ་དག་སྔར་བཞིན་སྐྱོང་གནང་ཡོང་བའི་གསོལ་བ་དང་སྨོན་ལམ་ལན་བརྒྱར་འདེབས་པ་ལགས་སོ།།

                   ཞེས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་བསུ་བའི་ཕྱིར། ༸སྐྱབས་མགོན་གང་གི་གསང་གསུམ་གྱི་མཛད་པ་དང་འཕྲིན་ལསའབྱམས་ཀླས་པས་རེ་རེ་བཞིན་སྨོས་ཀྱིས་མི་ལང་བལས རང་ཉིད་ཀྱི་རྨོངས་འཆར་བཞིན་རླབས་ཆེན་གྱི་མཛད་པ་གསུམ་གླེང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་འདི་ཉིད་ནི། གང་ལས་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་ཅན་འབྲོང་ངུར་ཆོས་རྗེ་བཅུ་དྲུག་པར་བསྙད་པ་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་གྱིས། རང་གི་རྩ་བའི་བླ་མའི་ཡོན་ཏན་བརྗོད་པ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་རྫོགས་པའི་རྒྱུ་ཡིན་ཕྱིར འཁྲུངས་སྐར་རྩོམ་སྒྲིག་ཚོགས་ཆུང་ནས་ཡིག་ངག་གཉིས་ཀྱིསབསྐུལ་བ་ལྟར་གུས་པས་དང་དུ་བླངས་ཏེ རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་ཆོས་ཀྱི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བའི་ལོའི་བོད་ཟླ་ ཚེས་ ༢༨ སྤྱི་ལོ་ ༢༠༢༠ ཟླ་ ཚེས་ ཉིན་བྲིས་ཏེ་ཕུལ་བའོ།།