གྱ་བ་འབྲོང་ངུར་པ་ཆེན་པོ་གངས་པ་རིན་ཆེན་འོད་ཟེར་གྱི་ངོ་མཚར་བའི་རྣམ་ཐར་བཅུ་གསུམ་གྱི་གསོལ་འདེབས།

༄༅།    །སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་ལྡན་གྱ་བ་འབྲོང་ངུར་པ་ཆེན་པོ་གངས་པ་རིན་ཆེན་འོད་ཟེར་གྱི་ངོ་མཚར་བའི་རྣམ་ཐར་བཅུ་གསུམ་གྱི་གསོལ་འདེབས་བྱིན་བརྒྱའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

 

 ན་མོ་གུ་རུ་ཡེ།

གནས་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ན།།

སེམས་མ་བཅོས་རང་བྱུང་ཆོས་ཉིད་དོན་གྱི་ལྷ།།

དཔལ་འབྲོང་ངུར་ཆོས་རྗེ་སྒང་པ་ཡང་ཡང་དྲན།།

ཆོས་སྣ་ཚོགས་འགོ་མཉམ་རྟོགས་པར་བྱིན་གྱིས་རློབས།།

 

མགོན་མར་མེ་མཛད་ཀྱི་བསྟན་པ་ལ།།

ཐུགས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་འཆང་།།

སྤྲང་སྤང་ལེབ་འཛིན་ཞེས་ཉ་པའི་ཚུལ།།

མ་འགྲོ་དོན་མཛད་ཁྱོད་ཕྱག་འཚལ་བསྟོད།།

ཞིང་འདི་རུ་ཤཱཀ་ཐུབ་བྱོན་པའི་ཚེ།།

གསུང་བདུད་རྩི་མྱོང་བ་བྲམ་ཟེའི་མཚན།།

མགོན་པདྨའི་དངོས་སློབ་ལོ་ཙཱ་ཆེ།།

སྐུ་སྐྱེ་འཕྲེང་འཛིན་ཁྱོད་ཕྱག་འཚལ་བསྟོད།།

 

༡༽

ལྷ་རྡོ་རྗེ་ཕུར་པར་བཀའ་བབས་ཤིང་།།

རིགས་ཆེ་བཙུན་མཁས་གྲུབ་ཁྱུང་པོའི་རྒྱུད།།

ཡབ་ཇོ་ནག་སྲས་སུ་སྐུ་བལྟམས་པའི།།

མཚན་ཇོ་སྲས་དངོས་གྲུབ་དཔའ་བ་ཞེས།།

ཆུང་བྱིས་དུས་རིགས་སད་འབྲོང་ངུར་པ།།

 

༢༽

སྐུ་ཆུང་ནས་རིག་པའི་གནས་ཀུན་བསླབས།།

ཐུགས་མཁྱེན་རབ་པདྨོ་འདབ་རྒྱ་གྲོལ།།

ཕ་མེས་པོའི་ཆོས་སྐོར་ཡབ་ལས་ཞུས།།

སོ་ཡེ་ཤེས་ཞབས་ལས་སྒྱུ་འཕྲུལ་གསན།།

དོན་སྒྲོ་འདོགས་ཆོད་པ་འབྲོང་ངུར་པ།།

 

༣༽

མགོན་འབྲི་སྟག་ཆོས་རྗེ་རྣམ་གཉིས་དང་།།

དཔལ་ཁ་ཆེ་པན་ཆེན་ལ་སོགས་པ།།

དུས་དེ་ཚེ་བོད་དུ་ཆེར་གྲགས་པའི།།

རྗེ་མཁས་གྲུབ་དུ་མའི་ཞབས་ལ་བསྟེན།།

ཆོས་བདུད་རྩིའི་བཅུད་ལེན་འབྲོང་ངུར་པ།།

 

༤༽

དཔལ་ཕག་གྲུའི་ཐུགས་སྲས་མཆོག་གྱུར་པ།།

ཁོང་སྟག་ལུང་ཐང་པ་གཤེགས་པའི་རྗེས།།

དེའི་གཟིམས་སྤྱིལ་བསམ་གཏན་ཁང་བུ་རུ།།

སྐུ་དངོས་ལྟར་ཞལ་གཟིགས་ཆོས་དྲུག་གསུང་།།

ཐུགས་ངེས་པ་ཆེར་འཁྲུངས་འབྲོང་ངུར་པ།།

 

༥༽

རྗེ་མི་ལ་རས་ཆེན་ཐུགས་སྲས་ཏེ།།

མཚན་རྫི་བོ་རས་པ་གྲགས་པ་ལས།།

དོན་གཉུག་མའི་ངོ་སྤྲོད་གདམས་པ་གསན།།

ཆོས་ཕྱག་ཆེན་རྟོགས་པ་མངོན་འགྱུར་མཛད།།

དོན་ངེས་པའི་བཀའ་བརྒྱུད་འབྲོང་ངུར་པ།།

 

༦༽

དུས་གསུམ་ཀ་གསལ་མཁྱེན་ཀརྨ་པའི།།

མཚན་སྙན་པ་དཀར་པོ་རྒྱང་ནས་གསན།།

ཆོས་གདམས་ངག་འདོད་དེ་མཇལ་མ་ཐག།

ཁྱོད་ཇོ་སྲས་བྱོན་པ་དགའ་འོ་ཞེས།།

ཐུགས་དགྱེས་པའི་རྗེས་བཟུང་འབྲོང་ངུར་པ།།

 

༧༽

དུས་དེ་ནས་བརྩམས་ཏེ་ཀརྨ་པ།།

དཔལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས།།

ལྷ་བདེ་མཆོག་ཕག་མོ་ཞལ་གཉིས་མ།།

རྗེ་དུས་མཁྱེན་མཆོག་དང་དབྱེར་མེད་མཇལ།།

ལམ་རིམ་གཉིས་མཐར་སོན་འབྲོང་ངུར་པ།།

 

༨༽

གནས་དཀར་ལེབ་ཕུག་པར་སྒོམ་སྒྲུབ་བརྩོན།།

རྗེ་གངས་དཀར་པ་ཞེས་སྙན་པ་རྒྱས།།

རྩ་རླུང་སེམས་ཀུན་ལ་རང་དབང་ཐོབ།།

སྐུའི་བེར་ཆེན་ཉི་མའི་ཟེར་ལ་བཀལ།།

བོད་སྒང་པའི་སྒོམ་ཆེན་འབྲོང་ངུར་པ།།

 

༩༽

དུས་དེ་ཚེ་ཕག་མོའི་སྒྱུ་འཕྲུལ་ཏེ།།

འབྲོང་དཀར་པོ་ངུར་ཞིང་སྒྲུབ་ཁང་རྡུང་།།

རྗེ་པད་འབྱུང་མཇལ་ཞིང་གདམས་ངག་ཞུས།།

ཚེ་ལན་རེར་འཕོས་ཚེ་མཇལ་བར་སྨོན།།

བཀའ་བརྒྱུད་པ་གསུམ་ལྡན་འབྲོང་ངུར་པ།།

 

༡༠༽

ལོ་ས་སྤྲེལ་མེ་མོ་བྲག་དཀར་ཕེབས།།

བྲག་ཕ་བོང་ཕྱག་ཞབས་རེ་ཁ་བཀོད།།

ལྷ་རྩ་གསུམ་ཞལ་གཟིགས་ཡང་ཡང་ཐོབ།།

རྗེ་གུ་རུའི་ལུང་བཞིན་གནས་སྒོ་ཕྱེས།།

དོན་སྣང་སྲིད་དབང་བསྒྱུར་འབྲོང་ངུར་པ།།

 

༡༡༽

གནས་མེ་མོ་མཁའ་འགྲོའི་ཕུག་པ་ནས།།

ཤག་གླང་ཆེན་འདྲ་བའི་སྣ་ནས་ཐོན།།

དོན་རང་བྱུང་ཕུར་པའི་དཀྱིལ་འཁོར་ན།།

མགོན་པད་འབྱུང་ལུང་བཞིན་སྒྲུབ་སྡེ་བཏབས།།

སྔར་མ་བྱུང་གྲུབ་ཆེན་འབྲོང་ངུར་པ།།

 

༡༢༽

བྲག་དམར་པོར་ཕྱག་གིས་ཨ་ཡིག་བྲིས།།

གནས་བཞུགས་ཁྲི་ལུང་དུ་ཏིང་འཛིན་བཞུགས།།

དེར་མ་བོས་སྒོམ་ཆེན་སྟོང་ཕྲག་འདུས།།

སོག་ཙན་དན་བཏབ་སྟེ་ཆོས་འཁོར་བསྐོར།།

མ་འགྲོ་དོན་མངའ་བརྙེས་འབྲོང་ངུར་པ།།

 

༡༣༽

རྗེ་དུས་མཁྱེན་ཐུགས་སྲས་བུ་བཞིའི་གྲལ།།

གནས་མཚུར་ཕུའི་ཁྲི་རབས་བཞི་པར་ཕེབས།།

སྤངས་དེ་བཞིན་རྟོགས་པ་མ་ལུས་ཀུན།།

དཔལ་ཀརྨ་པ་དང་དབྱེར་མེད་གྱུར།།

ཁོང་བཀའ་བརྒྱུད་གོང་མ་འབྲོང་ངུར་པ།།

 

དེ་ལྟ་བུའི་ངེས་དོན་བསྟན་འཛིན་མཆོག།།

མི་བདག་དང་དུས་ཀྱིས་བསྐལ་ན་ཡང་།།

ཐུགས་ཟག་མེད་ཕུང་པོ་སྤྲུལ་པའི་སྐུ།།

རྗེ་ངེས་དོན་བསྟན་པའི་རྒྱལ་མཚན་མཆོག།

སྔོན་བསོད་ནམས་སྟོབས་ཀྱིས་མཇལ་བར་དགའ།།

 

རྗེ་ཁྱེད་ཀྱི་སྐྱེ་རབས་མ་ལུས་ཀུན།།

མ་འགྲོ་དོན་ཁོ་ན་ཐུགས་ལ་འཇགས།།

ཞིང་འདི་ཡི་རྣམ་ཐར་རྒྱ་མཚོ་བཞིན།།

ཁོང་འཕགས་ཆེན་རྣམས་ཀྱིས་བརྗོད་དཀའ་ན།།

བདག་སོ་སྐྱེའི་བློ་ཡིས་གཞལ་བར་ནོངས།།

 

འོན་ཀྱང་ཏེ་སྒྲོ་འདོགས་མ་བྱས་ཤིང་།།

དོན་ཕྲ་བ་དག་ནི་མ་མཐོང་ཡང་།།

འདིར་རགས་བསྡུས་ངོ་མཚར་བཅུ་གསུམ་ནི།།

བདག་དོན་བརྒྱུད་སྙིང་ལ་ཞུགས་པའི་ཕྱིར།།

དཔལ་འབྲོང་ངུར་ཆོས་རྗེ་ཡང་ཡང་འབོད།།

 

ཁོང་འདུལ་འཛིན་ཆེན་པོ་འབྲོང་ངུར་པ།།

ཁོང་བྱང་སེམས་མི་གཟུགས་འབྲོང་ངུར་པ།།

ཁོང་གསང་སྔགས་མཛོད་འཛིན་འབྲོང་ངུར་པ།།

ཁོང་སྡོམ་གསུམ་འཛིན་པ་འབྲོང་ངུར་པ།།

སྙིང་ཆོས་ཀྱི་འཁོར་ལོར་བརྟན་པར་བཞུགས།།

 

དཔལ་གསང་བའི་བདག་པོ་འབྲོང་ངུར་པ།།

རྗེ་པད་འབྱུང་ཕོ་ཉ་འབྲོང་ངུར་པ།།

དཔལ་རྡོ་རྗེ་ཕུར་པ་འབྲོང་ངུར་པ།།

རྗེ་དུས་མཁྱེན་ཐུགས་སྲས་འབྲོང་ངུར་པ།།

རྗེ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།

 

ནང་བདེན་འཛིན་ཞིག་པར་བྱིན་གྱིས་རློབས།།

རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས།།

ཆོས་ཆོས་བཞིན་སྤྱོད་པར་བྱིན་གྱིས་རློབས།།

སེམས་བྱམས་བརྩེ་སྐྱེ་བར་བྱིན་གྱིས་རློབས།།

ཚེ་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས།།

རྐྱེན་ངན་པ་ལམ་དུ་ཁྱེེར་ནུས་ཤོག།།

 

དེ་ལྟར་སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་གྱ་བ་འབྲོང་ངུར་ཆོས་རྗེ་གངས་དཀར་པའི་ངོ་མཚར་བའི་རྣམ་ཐར་བཅུ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་པ་འདི་བཞིན་ཚེ་རབས་ཀུན་ཏུ་རྒྱལ་བ་འབྲོང་ངུར་པ་བླ་མར་འཛིན་པའི་སྨོན་དམ་ཅན་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་རང་བཟོས་དྲི་མ་དང་མ་འདྲེས་པར་ཚད་ལྡན་ཆོས་འབྱུང་ཁག་ལ་དཔང་པོར་བཞག་ནས་ཚིགས་བཅད་དུ་བསྡེབས་ཏེ། གངས་དཀར་རིན་ཆེན་འོད་ཟེར་དེ་ཉིད་གཟུགས་སྐུ་སྒྱུ་མའི་ཚུལ་བསྟན་ནའང་། ཟག་མེད་ཐུགས་ཀྱི་ཡེ་ཤེས་དངོས་སུ་འཕོས་པ་འབྲོང་ངུར་ཆོས་རྗེ་བཅུ་དྲུག་པའི་དྲུང་དུ་ཕུལ་ཅིང་གསོལ་བ་བཏབ་པ་འདིས། རང་ཉིད་ཀྱང་ཆོས་མཐུན་གྱི་བློ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། འབྲོང་ངུར་ཆོས་རྗེ་གངས་དཀར་པ་དེ་ཉིད་ཀྱི་རིང་ལུགས་དྲི་མ་མེད་པ་དར་རྒྱས་ཕུན་སུམ་ཚོགས་པ་སོགས་ལེགས་ཚོགས་ཀྱི་སྒོ་དུ་མར་དམིགས་པ་དེ་བཞིན་འགྲུབ་པའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བ་ཞུ་ཞུ་ཞུ། མཁྱེན། མཁྱེན། མཁྱེན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་མཐའ་ཡས་རྒྱ་མཚོའི་དཀྱིལ་ཨོ་གླིང་རྒྱལ་ཁབ་ཀྱི་རང་གནས་སུ་བྲིས་སོ།། དགེ་ལེགས་འཕེལ།