གསོལ་འདེབས་རྣམ་ཐར་མ།
གསོལ་འདེབས་རྣམ་ཐར་མ།
༄༅། །ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ། །རབ་འབྱམས་གསུང་རབ་ཀུན་གྱི་སྙིང་པོ་སྟེ། །མཁྱེན་རབ་ཡེ་ཤེས་གོང་བུ་གཅིག་བསྡུས་པ། །སྨྲ་བའི་སེངྒེ་བསྟན་པའི་རྒྱལ་མཚན་འདུད། །མར་མེ་མཛད་དཔལ་དྲུང་དུ་ཐུགས་བསྐྱེད་ནས། །དུས་མཁྱེན་ཞབས་ཟིན་སྤངས་རྟོགས་ཡོངས་རྫོགས་ཀྱང་། །བསྟན་འགྲོའི་དོན་དགོངས་སྐྱེ་རབས་རིམ་བྱོན་ཏེ། །ཞིང་འདིར་རིམ་སྐྱེས་ལམ་ལ་སློབ་ཚུལ་མཛད། །མཁས་བཙུན་བཟང་པོའི་རྣམ་ཐར་བདག་གིར་བཞེས། །རིས་མེད་བསྟན་འཛིན་མང་པོ་གཙུག་ཏུ་བསྟེན། །ཐུབ་བསྟན་བཤད་སྒྲུབ་འགྲོ་དོན་ཁོ་ནར་དགོངས། །འབྲོང་ངུར་ཆོས་རྗེ་བསྟན་པའི་རྒྱལ་མཚན་རྨད། །གྲུབ་པའི་དབང་པོ་སེམས་དཔའ་འགྲོ་འདུལ་པས། །ཕྱི་མཐའ་གཟིགས་པའི་རྡོ་རྗེའི་ལུང་བསྟན་དང་། །ཐུགས་བསྐྱེད་སྐྱ་རེངས་གསར་པས་ཉེར་དྲངས་ཤིང་། །མཚན་དཔེའི་པདྨོ་བསམ་བཞིན་ཞིང་འདིར་བལྟམས། །བགྲང་ཡས་བསྐལ་པར་བྱང་ཆུབ་ཐུགས་བསྐྱེད་དང་། །ལྷག་པར་རྒྱལ་བའི་རྒྱལ་ཚབ་གངས་དཀར་པ། །རིམ་པར་བྱོན་པས་བསྟན་འགྲོའི་དོན་ཁོ་ནར། །བརྣགས་པའི་མཐུ་ཡིས་མཁས་གྲུབ་ཕ་མཐར་སོན། །མགོན་ཁྱེད་བྱིས་དུས་ཐུབ་པའི་བསྟན་སྒོར་ཞུགས། །ཐོས་བསམ་སྒོམ་པའི་གོ་རིམ་མ་འཆོལ་ཞིང་། །མཚན་ལྡན་བཤེས་གཉེན་དུ་མའི་ཐུགས་བཅུད་ལོན། །ཟླ་བྲལ་འབྲོང་ངུར་ཆོས་རྗེར་གསོལ་བ་འདེབས། །སེམས་དཔའ་ཁྱོད་ནི་འགྲོ་དོན་སྒྲུབ་ལ་སྤྲོ། །སྐྱོ་ངལ་སྤངས་ཏེ་དམ་པའི་ཚུལ་དགུས་ཕྱུག། །བསམ་བཞིན་བསམ་བཞིན་བཀའ་དྲིན་ལྷག་ཏུ་ལྕི། །ཐུགས་བརྩེའི་གཟིགས་པས་ཚེ་རབས་ཀུན་ཏུ་སྐྱོངས། །མདོ་སྔགས་སྙིང་བཅུད་འགྲེལ་ཆེན་རྣམ་གསུམ་དང་། །གཙུག་ལག་ཀུན་གྱི་རྩ་བ་སྒྲ་རིག་པ། །དེས་མཚོན་འཆད་རྩོམ་སྒོ་བརྒྱ་ལེགས་ཕྱེས་ཤིང་། །གངས་རིའི་ཆོས་རིག་ཚེ་སྲོག་རིང་དུ་སྲིང་། །གཞུང་ཆེན་བཅུ་གསུམ་ཀུན་མཁྱེན་རྣམ་བཞིའི་གཞུང་། །ས་དགེ་བཀའ་རྙིང་སྨིན་གྲོལ་རྒྱ་མཚོའི་ཀླུང་། །ཁྱེད་ཀྱི་རྣམ་དཔྱོད་ནམ་མཁའི་ཀློང་དུ་སྐྱིལ། །གཟུར་གནས་མཁས་གྲུབ་དུ་མས་མགྲིན་གཅིག་བསྔགས། །ཐོས་པ་ཚིག་རྐྱང་ཙམ་ལ་མ་ཞེན་ཅིང་། །ཐོས་དོན་སྒྲུབ་ལ་བརྩོན་པ་ཐུབ་པའི་ལུགས། །ཉིད་ཀྱང་དགོངས་པའི་གཏད་སོ་འདི་བདེན་པས། །དབེན་པར་ཏིང་འཛིན་ཞུགས་ལ་གཅིག་ཏུ་བྲེལ། །སྐུ་ཡི་ན་ཚོད་མ་སྨིན་དར་མའི་ཚུལ། །ཐུགས་ཀྱི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་པ། །སྒམ་རླིང་བརྟན་པའི་བརྟུལ་ཞུགས་རྣམ་ཐར་གྱིས། །བགྲེས་སོང་མཁས་པའི་རལ་པ་ས་ལ་འབེབས། །གངས་རིའི་མགོན་པོ་པད་དཀར་འཆང་བ་ཡིས། །དབུགས་དབྱུང་གཟེངས་བསྟོད་ཆེས་ཟབ་མན་ངག་བསྩལ། །ཁྱོད་ཀྱི་ཡོན་ཏན་ཟེར་བརྒྱ་འཕྲོ་གྱུར་མོད། །བུམ་ནང་མར་མེ་བཞིན་དུ་སྦེད་པར་མཛད། །དེ་ལྟར་ཟབ་རྒྱས་རྣམ་ཐར་རྒྱ་མཚོའི་མཇིང་། །འཕགས་པས་འཕགས་པ་སྤྱོད་ཡུལ་མིན་པས་ན། །བླུན་རྨོངས་བདག་གིས་སྨྲ་བའི་ཡུལ་ལས་འགོངས། །འོན་ཀྱང་དད་པའི་ས་བོན་འདི་ལྟར་བགྱིད། །གདུལ་བྱའི་འཕྲིན་ལས་རབ་ཏུ་རྒྱས་པ་དང་། །སྐུ་ཚེ་མི་འགྱུར་ལྷུན་པོ་བཞིན་དུ་བརྟན། །ཞབས་ཀྱི་པདྨོ་གདན་སར་མྱུར་དུ་འཁོད། །རྟག་ཏུ་སྙིང་ནས་སྨོན་འདིར་གཏན་དུ་དགོངས། །ཚེ་རབས་ཀུན་ཏུ་རྒྱལ་བ་འབྲོང་ངུར་པ། །ཆོས་ཀྱི་རྗེ་དང་རྟག་ཏུ་མི་འབྲལ་ཞིང་། །བཟང་པོའི་སྤྱོད་པའི་ལམ་གྱི་རིམ་པ་བགྲོད། །གང་གི་འཕྲིན་ལས་བྱེད་པོར་བདག་གྱུར་ཅིག། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་རྫོགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འཁོད་པར་ཤོག། །[1]
ཅེས་ཚེ་རབས་དུ་མ་ནས་མེ་ཏོག་ཕོག་པའི་རྩ་བའི་བླ་མ་རུ་ཐོབ་པ་འབྲོང་ངུར་ཆོས་རྗེའི་སྐྱེ་འཕྲེང་བཅུ་དྲུག་པ་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་མཆོག་སྐུ་གོང་མའི་ཆོས་ཁྲིར་མངའ་གསོལ་བའི་དུས་ཚེས་ཁྱད་པར་ཅན་དང་། རྒྱལ་བ་ལྷ་ལས་དངོས་སུ་བབ་པའི་དུས་ཆེན་གཉིས་འཛོམས་ཉིན་མོར་གང་གི་རྣམ་ཐར་གསོལ་འདེབས་འདི་ནི། ཕ་མེས་ཡང་མེས་ནས་མི་ཐོག་དུ་མར་འབྲོང་ངུར་ཆོས་རྗེ་རིམ་བྱོན་དང་དམ་ཚིག་ལ་སེལ་ཅུང་ཙམ་ཡང་འདྲེས་མྱོང་མེད་པ་དང་། དད་པ་རབ་ཏུ་བརྟན་པ་བཙན་པོ་མགར་གྱི་རིགས་སུ་སྐྱེས་པ་བྱིས་པའི་དུས་སུ་ཨ་ཕས་བཏགས་པའི་གཅེས་མིང་ལ་དགའ་གྲགས་འབོད་ཅིང་། ཡོངས་གྲགས་སུ་འབྲོང་ངུར་བསྟན་འཛིན་ལམ་བཟང་ཞེས་པས། ཨོ་གླིང་རྒྱལ་ཁབ་ཀྱི་རང་གནས་གཞུང་གཉེར་དཔེ་མཛོད་ཁང་དུ་སྒྲོ་འདོགས་ཅུང་ཟད་ཙམ་མ་བགྱིས་ཏེ་ཚུར་མཐོང་སྤྱོད་ཡུལ་གཞིར་བཟུང་སྟེ་གང་གི་སྐུ་ཚེ་མཛད་འཕྲིན་དར་ཞིང་རྒྱས་པའི་སྨོན་འདུན་ཤུགས་དྲག་བཅས་གསོལ་བ་བཏབ་པའོ། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༧ ཉིན་ལའོ། །
[1] ཤོ་ལོ་ཀ་ཕྱི་མ་འདི་བརྟན་བཞུགས་གསོལ་འདེབས་ཀྱི་རིམ་པ་སྤྱི་འགྲོ་ལས་དྲངས།