ཐེག་ཆེན་ཚུལ་འཇུག་གི་རྣམ་བཤད་དབྱིངས་རིག་ལམ་བཟང་དབུ་འབྱེད། རྒྱལ་བའི་འཁྲུངས་སྐར་ཉིན།

༄༄། །༧རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དཔེ་དེབ་དབུ་འབྱེད་དང་ཆོས་སྦྱིན་གྱིས་བསུ།

དཔལ་གསང་ཆེན་སྔ་འགྱུར་བའི་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་ཉི་ཟླ་ལྟར་གྲགས་པའི་ཡ་གྱལ་ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས་མཛད་པའི་རྫོགས་པ་ཆེན་པོའི་གཞུང་ལུགས་ཁྱད་དུ་འཕགས་པ་༼ཐེག་ཆེན་ཚུལ་འཇུག་༽ཅེས་ཡོངས་སུ་གྲགས་པ་ལ། འབྲོང་ངུར་ཆོས་རྗེ་མཆོག་གིས་བརྩམས་པའི་འགྲེལ་པ་༼དབྱིངས་རིག་ལམ་བཟང་༽ཞེས་པ་འདི་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་གྱ་ལྔ་པ་བསུ་བའི་མཆོད་སྤྲིན་དུ། གདན་ས་ཆེན་མོ་རྣམ་གྲོལ་གླིང་གྲྭ་ཚང་གི་ཚོགས་གཞོན་མཁན་པོ་བསྟན་འཛིན་ཀུན་ཁྱབ་མཆོག་དང་གདང་ལ་རི་བོ་རྩོམ་སྒྲིག་པ་སློབ་དཔོན་བསོད་ནམས་ནོར་བུ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་བ་དང་། སྔ་འགྱུར་བའི་ཆོས་སྡེ་དག་གིས་མཚོན་རིས་སུ་མ་མཆིས་པའི་ཆོས་སྡེ་ཆེ་ཁག་དང་། དཔེ་མཛོད་ཁང་། དེ་མཚུངས་གཞུང་འདིར་དོན་གཉེར་ཆེ་བའི་སློབ་གཉེར་བ་དང་བཅས་པར་ཆོས་སྦྱིན་དུ་འབུལ་ལམ་ཞུ་རྒྱུ་དང་། གལ་ཏེ་སྦྲག་ཐོག་བསྐུར་དགོས་རིགས་ཡིན་ཚེ་སྦྲག་གླ་དོ་བདག་སོ་སོས་གནང་རོགས་ཞུ་ཞིང་། ཐུགས་མཁོ་མཆིས་ཚེ་གཤམ་གསལ་གདང་ལ་རི་བོ་རྩོམ་སྒྲིག་པ་ལ་འབྲེལ་བ་གནང་རོགས་ཞུ།

འདི་ལྟར་བགྱིས་པའི་དགེ་རྩས་འཕགས་མཆོག་ཕྱག་ན་པདྨོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག ཅེས་གདང་ལ་རི་བོ་དཔེ་ཚོགས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ སྐུའི་འཁྲུངས་སྐར་ཉིན་ཕུལ།

གདང་ལ་རི་བོ་རྩོམ་སྒྲིག་པ།
རྒྱ་གར་ལྷོ་ཕྱོགས། འཛུམ། 7022410595
རྒྱ་གར་བྱང་ཕྱོགས། ལམ་བཟང་པོ། 7807060996
ཨོ་གླིང་རྒྱལ་ཁབ། འབྲོང་ངུར་ཕོ་ཉ། 0470405216
གོང་གསལ་ཁ་པར་ཨང་དེ་དག་ལས་telegram དང་WhatsApp གཉིས་ཀ་འབྲེལ་མཐུད་བྱ་ཐུབ།

 

སྤར་སྐྲུན་སྔོན་གླེང་།

༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ།

༼ཨེཿ༽

          སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་འཁོར་ཐམས་ཅད་ཐེག་པ་རིམ་པ་དགུ་ཞེས་ཆོས་ཚན་དགུ་རུ་བསྡུས་པ་ནི་སྡོམ་ཆེན་པོ་ཞིག་དང་གོ་བ་ཧ་ཅང་ཟབ་མོ་ཞིག་ཡིན་པ་རྒྱལ་མཆོག་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་ཞལ་སྔ་ནས་གསུངས་པ་དངོས་སུ་ཐོས་ལ། དེ་ལྟ་བུའི་ཐེག་པ་རིམ་པ་དགུའི་ཡང་རྩེ་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་བསྟན་བཅོས་དུ་མ་ཞིག་བཞུགས་པ་ལས། འདིར་གངས་རིའི་ཁྲོད་ཀྱི་མ་ཧཱ་པཎྜི་ཏ་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོས་(1042-1136)མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་ནི། ཕྲ་ཞིབ་གནད་འབིགས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་གཙོ་བོར་གཏན་ལ་འབེབས་པའི་བསྟན་བཅོས་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། ལྟ་བ་དེ་དང་རྗེས་སུ་འབྲེལ་བའི་རྫོགས་པ་ཆེན་པོའི་སྒོམ་པའི་གནད་ཀྱང་འཁྲོལ་བར་མཛད་པས། རྫོགས་ཆེན་གྱི་ལྟ་སྒོམ་ལ་ཐེ་ཚོམ་རྩད་ནས་གཅོད་པའི་གཞུང་བཟང་རལ་གྲི་ལྟ་བུ་ཞིག་ཡིན།

          དེ་ཡང་། རྫོགས་ཆེན་གྱི་རྒྱུད་དང་བསྟན་བཅོས་ཕལ་ཆེ་བའི་ནང་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་ཆེན་པོ་དང་མཉམ་པ་ཆེན་པོ་དེ་བཞིན་དུ་གཉིས་སུ་མེད་པ་ལ་སོགས་པ་རྫོགས་ཆེན་གྱི་ལྟ་བ་བསྟན་ཀྱང་། ཇི་ལྟར་གཞི་མེད་རྩ་བྲལ་ཆེན་པོ་ཡིན་ཚུལ་དང་མཉམ་པ་ཆེན་པོ་ཡིན་ཚུལ་དེ་བཞིན་གཉིས་སུ་མེད་པ་ཡིན་ཚུལ་སོགས་ཞིབ་ཅིང་ཕྲ་བ་ནས་མ་གསུངས་ལ། ཀུན་མཁྱེན་རོང་ཟོམ་གྱིས་མཛད་པའི་ཐེག་ཆེན་ཚུལ་འཇུག་འདིར་ཕྲ་ཞིབ་རིགས་པ་དཔེ་དང་བཅས་པའི་སྒོ་ནས་ཇི་ལྟར་གཞི་མེད་རྩ་བྲལ་ཡིན་ཚུལ་རྒྱས་པར་གསུངས་པ་མ་ཟད། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་སྒྱུ་མ་རྨི་ལམ་དང་འགོ་མཉམ་དུ་བསྟན་པའི་སྒོ་ནས་ཇི་ལྟར་མཉམ་པ་ཆེན་པོ་དང་གཉིས་སུ་མེད་པ་ཡིན་ཚུལ་བརྒལ་ལན་ཤན་འབྱེད་རིགས་པས་མི་གནོད་ཚུལ་དང་བཅས་ཞིབ་ཅིང་ཕྲ་བ་ནས་རིགས་པས་གཏན་ལ་ཕབས་ནས་གསུངས་པར་མཛད་པས། རྫོགས་ཆེན་གྱི་ལྟ་བ་ཞིབ་ཅིང་རྒྱས་པར་གཏན་ལ་འབེབས་པའི་བསྟན་བཅོས་འདི་ལྟ་བུ་ཤིན་ཏུ་མཇལ་དཀོན་པ་ཞིག་ཀྱང་ཡིན།

           དེ་ལས་ཀྱང་བྱེ་བྲག་ཏུ་ཕྱེ་ནས་བཤད་ན། དབུ་མའི་སྐབས་སུ་ཐལ་རང་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞལ་གྱིས་བཞེས་མི་བཞེས་ཀྱི་རྩོད་པ་དང་། གལ་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་བླངས་ན་སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་བ་སོགས་ཀྱི་གནོད་པ་འཕེན་པར་བྱེད་མོད། འོན་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་གོ་དོན་དང་། རང་གི་མཚན་ཉིད་ཀྱིས་ཇི་ལྟར་མ་གྲུབ་ཚུལ་གསལ་རྒྱས་ཤིག་མ་གསུངས་པས། དབུ་མའི་བསྟན་བཅོས་དག་ལ་ཐོས་བསམ་བྱས་ཟིན་ཀྱང་ད་དུང་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་དོན་ལ་ཐེ་ཚོམ་མ་ཆོད་པ་ཤིན་ཏུ་མང་བར་གྱུར། འོན་ཀྱང་གཞུང་འདིར་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་དོན་དང་། ཇི་ལྟར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཚུལ་རིགས་པའི་རྣམ་གྲངས་དུ་མ་དང་མཚན་གཞིའི་དཔེ་དུ་མས་ཞིབ་ཅིང་ཕྲ་བ་ནས་གཏན་ལ་ཕབས་ཏེ་གསུངས་པས། ཕལ་ཆེར་རྒྱ་བོད་གཉིས་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་དོན་ཞིབ་ཅིང་རྒྱས་པར་གཏན་ལ་འབེབས་པའི་གཞུང་འདི་ལྟ་བུ་ཤིན་ཏུ་མཇལ་དཀོན་པ་ཞིག་ཀྱང་ཡིན།

           གཞན་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཚུལ་རྒྱས་པར་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་ཞེས་པའི་བརྩམས་ཆོས་གྲགས་པ་ཅན་དེའི་རིགས་པའི་འགྲོས་རྣམས་ཀྱང་། ཐེག་ཆེན་ཚུལ་འཇུག་འདི་ཉིད་ལས་བྱུང་ཞིང་འདི་ཉིད་ལས་བློ་སྐྱེད་བླངས་པ་ཞིག་ཡིན་པ་ནི་བསྟན་བཅོས་གཉིས་གུང་བསྒྲིགས་ནས་མཇལ་ན་ཤེས་ཐུབ།  

            སྤྱིར་མན་ངག་ལུགས་ལྟར་ན་རྫོགས་པ་ཆེན་པོ་ནི་བླ་མ་མཚན་ལྡན་ལས་སློབ་མ་སྣོད་ལྡན་ཁོ་ནས་ནོད་དགོས་པ་ཞིག་ཡིན་མོད། འོན་ཀྱང་གཞུང་འདི་ཉིད་ནི་ཀུན་མཁྱེན་རོང་ཟོམ་ཉིད་ཀྱི་ཞལ་སྔ་ནས། ཐེག་ཆེན་སྣོད་དུ་གྱུར་པ་ཡི། །འགྲོ་བ་རྣམས་ཀྱིས་མཐོང་གྱུར་ཏམ། །འཇིག་རྟེན་གྲགས་མཐུན་སྒྲུབ་བྱེད་པའི། །བསྟན་ཆོས་རྗེས་སུ་ཞུགས་པའི་བློ། །འཛིན་བཅས་རྣམས་ཀྱིས་མཐོང་ཡང་རུང་། །ཞེས་རིགས་པ་སྨྲ་བ་སུས་གཟིགས་ཀྱང་ཆོག་པའི་བཀའི་གནང་བ་དོན་གྱིས་སྩལ་འདུག་པས། རྫོགས་ཆེན་གྱི་ལྟ་བ་ལ་རིགས་པའི་ལམ་ནས་ངེས་ཤེས་འདྲོངས་པར་འདོད་པའི་ཤར་ནུབ་ཀྱི་སྐྱེ་བོ་རིགས་པ་འཚོལ་བ་སུ་གང་གིས་ཀྱང་ལྟ་ཀློག་དང་སློབ་གཉེར་བགྱིད་ཆོག་པའི་གཞུང་ཟབ་མོ་ཞིག་ཏུ་ངོས་འཛིན་ཞུས་ནའང་དོན་གྱི་བདག་པོས་གནང་བ་ཡོད་པས་མ་འགྲིགས་པ་མེད་པར་སྣང་ཞིང་། དེང་སང་སྐད་ཆ་ལྟར་བཤད་ན། རྫོགས་པ་ཆེན་པོའི་སློབ་དེབ་རབ་དང་ཕུལ་དུ་བྱུང་བ་ཞིག་ཡིན་པར་སེམས་སོ།།

༼མཿ༽

          མཁས་པའི་དབང་པོ་རོང་ཀློང་རྣམ་གཉིས་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་ཡ་གྱལ་ཀུན་མཁྱེན་མ་ཧཱ་པཎྜི་ཏ་རོང་ཟོམ་ཆོས་བཟང་གིས་མཛད་པའི་བསྟན་བཅོས་ཐེག་ཆེན་ཚུལ་འཇུག་འདི་ཉིད། སྔ་འགྱུར་གྱི་བཤད་གྲྭ་ཕལ་ཆེ་བར་འཆད་ཉན་གྱི་རྒྱུན་མ་ཆད་པར་གནས་བཞིན་པ་ལྟར། སྔ་འགྱུར་བསྟན་པའི་མངའ་བདག་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཐུགས་བསྐྱེད་ལས་འཁྲུངས་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་རིམ་དགུ་པའི་སློབ་ཚན་ཡིན་པས། འབྲོང་ངུར་ཆོས་རྗེ་བཅུ་དྲུག་པ་ངེས་དོན་བསྟན་པའི་རྒྱལ་མཚན་གང་ཉིད་མཐོ་སློབ་ཆེན་མོའི་ལོ་རིམ་དགུ་པར་ཕེབས་སྐབས་སུ་དགེ་བའི་བཤེས་གཉེན་མཆོག་ལས་གཞུང་འདིའི་འཆད་ཁྲིད་ཚུལ་བཞིན་ཞུས་པར་མཛད་ཅིང་། བསླབ་པ་མཐར་སོན་རྗེས་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་བཤད་གྲྭའི་སློབ་གཉེར་མ་རྣམས་ལ་འཆད་ཁྲིད་ལན་གྲངས་གཉིས་གནང་བའི་ཉམས་མྱོང་གཞི་ལ་བཞག་སྟེ། རྒྱུན་རིང་པོར་བསམ་གཞིག་དང་ཞིབ་འཇུག་གནང་བའི་འབྲས་བུར་༼ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚིག་དང་དོན་རྣམ་པར་བཤད་པ་དབྱིངས་རིག་ལམ་བཟང་༽ཞེས་བྱ་བའི་དེབ་ཆེན་འདི་ཉིད་བརྩམས་པར་མཛད་པ་ནི་དོན་སྙིང་ལྡན་པའི་རླབས་ཆེན་མཛད་འཕྲིན་ཞིག་ཡིན་པར་ངོས་འཛིན་དང་དགའ་བསུ་ཞུ་རྒྱུ་མ་ཟད། འགྲེལ་ཆེན་འདི་ཉིད་ལ་བརྟེན་ནས་དེ་སྔོན་བསྟན་བཅོས་འདི་ལ་འགྲེལ་པ་མེད་པའི་སྟོང་ཆ་སྐོང་བ་དང་། རིགས་བདག་འཁོར་ལོའི་མགོན་པོ་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་བཀའ་དྲིན་ཆ་ཤས་ཙམ་གཞལ་བ་དང་། སླད་ཕྱིན་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་གསུང་གི་འཕྲིན་ལས་ཡུན་རིང་གནས་པའི་ཆ་རྐྱེན་དུ་འགྱུར་བ་སོགས་ཀྱི་རེ་སྨོན་དང་ཡིད་ཆེས་ཞུ་བཞིན་ཡོད།

          མཁས་བཙུན་བཟང་གསུམ་གྱི་བདག་ཉིད་འབྲོང་ངུར་ཆོས་རྗེ་མཆོག་གིས་མཛད་པའི་༼ཐེག་ཚུལ་རྣམ་བཤད་དབྱིངས་རིག་ལམ་བཟང་༽འདི་ཉིད་ལ་གུས་པའི་ངོས་ནས་ཐོག་མར་རྩོམ་སྐུལ་དང་། བར་དུ་ཞུས་དག་སླད་ཚར་གཅིག་བཀླགས་པ། མཐར་གླེང་བརྗོད་བྲིས་པ་བཅས་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཆགས་པའི་སྐལ་བ་བཟང་པོ་བྱུང་བས། རིན་པོ་ཆེ་མཆོག་ལ་དེ་ལྟའི་གོ་སྐབས་སྩལ་བར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།

དེ་ལྟར་ཕྲན་རང་ངོས་ནས་ཐེག་ཚུལ་འགྲེལ་པ་དབྱིངས་རིག་ལམ་བཟང་འདི་ཉིད་ལ་རྒྱུས་མངའ་ཅུང་ཡོད་པའི་ཆ་ནས་འགྲེལ་པ་འདི་ཉིད་ཀྱི་ཁྱད་ཆོས་དྲུག་གཤམ་དུ་མུ་མཐུད་ནས་བྲི་རྒྱུ་ཡིན།

            དང་པོ། ཐེག་ཆེན་ཚུལ་འཇུག་ཉིད་ལས་སྐབས་སྔ་མ་བཞིར་རིགས་པ་རྩལ་བཏོན་གྱིས་འཆད་པར་མཛད་པ་བཞིན། འདིར་སྐབས་སྔ་མ་བཞིའི་ཚིག་དོན་འགྲེལ་བའི་ཚེ་ནའང་གཞུང་དང་མཐུན་པར་རིགས་པ་ཉིད་རྩལ་བཏོན་གྱིས་བཀྲལ་བར་མཛད་འདུག་ཅིང་། གཞུང་ཉིད་ལས་སྐབས་ལྔ་པར་རྫོགས་པ་ཆེན་པོའི་རྒྱུད་དང་བསྟན་བཅོས་ཀྱི་ལུང་རྩལ་བཏོན་གྱིས་འཆད་པར་མཛད་པ་བཞིན། འདིར་སྐབས་ལྔ་པའི་ཚིག་དོན་འགྲེལ་བའི་ཚེ་ནའང་རྫོགས་པ་ཆེན་པོའི་རྒྱུད་དང་འགྲེལ་པའི་ལུང་རྩལ་བཏོན་གྱིས་བཀྲལ་བར་མཛད་འདུག་པས། གཞུང་གི་འགྲོས་དང་མཐུན་པར་གཞུང་དོན་གསལ་བར་མཛད་པའི་ཁྱད་ཆོས་སུ་གསལ་ཞིང་། ལྷག་པར་དུ་སྐབས་ལྔ་པར་དྲངས་པའི་རྒྱུད་ལུང་རྣམས་འགྲེལ་བ་ན། རྒྱུད་རྒྱུད་ཀྱིས་འཆད་པ། རྒྱུད་འགྲེལ་པས་འཆད་པ། རྒྱུད་སྒྲུབ་ཐབས་ཀྱིས་འཆད་པ། རྒྱུད་མན་ངག་གིས་འཆད་པ་སྟེ། སྤྱིར་རྒྱུད་འཆད་ཚུལ་རྣམ་པ་བཞི་རུ་ཡོད་པ་ལས། འདིར་རྒྱུད་འགྲེལ་པས་འཆད་པའི་ལུགས་སུ་མཛད་དེ། སྐབས་ཐོག་རྒྱུད་ལུང་གི་གཤམ་དུ་ཚད་ལྡན་རྒྱུད་འགྲེལ་གྱི་ཚིག་རྣམས་ཇི་བཞིན་དྲངས་པར་མཛད་པས། རྟོགས་དཀའ་བའི་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་ཀྱི་དོན་སོམ་ཉི་དང་བྲལ་བར་བདེ་བླག་ཏུ་རྟོགས་ཐུབ་པར་མཛད་པའི་ཁྱད་ཆོས་སུ་གསལ།

            གཉིས་པ། ཇི་སྐད་དུ། དགོས་སར་ཆད། མི་དགོས་སར་ལྷག།ཅེས་པ་ལྟར། གཞུང་གི་ཚིག་དོན་རྟོགས་དཀའ་ཞིང་འགྲེལ་དགོས་སར་མི་འགྲེལ་བར་འགྲེལ་མི་དགོས་སར་ཡིག་ཚོགས་སྤུང་བར་བྱེད་པའི་སྐྱོན་སྤངས་ཏེ། གཞུང་གི་ཚིག་དོན་གོ་སླ་བ་དང་འགྲེལ་བཤད་དགོས་པ་ཆུང་བ་རྣམས་རང་སོར་བཞག་ཅིང་། གཞུང་གི་ཚིག་དོན་གོ་དཀའ་བ་དང་འགྲེལ་བཤད་ངེས་པར་དགོས་པ་རྣམས་ཞིབ་ཀྱིས་བཀྲལ་བར་མཛད་འདུག་པས། འགྲེལ་པའམ་རྣམ་བཤད་མིང་དོན་མཚུངས་པ་ཞིག་ཏུ་སྣང་།    

            གསུམ་པ། གཞུང་གི་ཚིག་དོན་འགྲེལ་བའི་ཚེ་ན། དགོས་མེད་ཀྱི་ཡིག་རྙོག་དང་རྣམ་རྟོག་གི་བསྲེ་བསླད་དེ་བཞིན་གཞུང་གི་དངོས་བསྟན་དགོངས་པ་མིན་པ་འབྲེལ་མེད་གཞན་དང་གཞན་དུ་འཁྲིད་པ་སོགས་རིང་དུ་དོར་ཏེ། གཞུང་དངོས་བསྟན་ཚིག་རིས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་འགྲེལ་བ་ལ་འབད་བརྩོན་ཤུགས་ཆེར་མཛད་པར་སྣང་བས། བསྟན་བཅོས་དངོས་ཀྱི་དགོངས་དོན་དང་མཐུན་པའི་འགྲེལ་པ་ཞིག་ཏུ་སྣང་།

            བཞི་པ། གཞུང་འདིར་དྲངས་པའི་ལུང་ཚིག་ཕལ་མོ་ཆེ་ལུང་ཁུངས་གསལ་བརྗོད་མ་མཛད་པར་སྣང་བས། ལུང་ཚིག་རྣམས་གང་ལས་བྱུང་བའི་མདོ་རྒྱུད་བསྟན་བཅོས་ཀྱི་མཚན་དང་དེ་དག་གི་མཛད་པ་པོ་བཅས་ལུང་ཁུངས་གསལ་སྟོན་དང་། ལུང་ཁུངས་མ་རྙེད་པ་རྣམས་ལ་ལུང་ཁུངས་མ་རྙེད་ཅེས་གསལ་སྟོན་མཛད་འདུག་པས། གཞུང་འདིར་ཐོས་བསམ་པ་དག་གཞུང་གི་ཚིག་དོན་ཉིད་ལ་བརྩོན་པ་ལས་ལུང་ཁུངས་འཚོལ་བའི་ངལ་བ་ལྷག་པོ་བསྟེན་མི་དགོས་པའི་དགེ་མཚན་དང་ལྡན་པར་སྣང་།  

            ལྔ་པ། གཞུང་གི་ཚིག་དོན་རྣམས་བདེ་བླག་ཏུ་རྟོགས་པའི་ཡན་ལག་མཆོག་ཏུ་གྱུར་པ་ནི། བོད་ཀྱི་ལུགས་ལྟར་ས་བཅད་ཀྱིས་འཆད་པ་ཉིད་ཡིན་པ་བཞིན། འདིར་ཡང་རྩ་བ་དང་ཡན་ལག་གི་ས་བཅད་གསར་སྣོན་མཛད་ཅིང་། ས་བཅད་དེ་དག་གིས་སྐབས་བབས་རྩ་བ་དང་ཡན་ལག་གི་གཞུང་དོན་ཧྲིལ་གྱིས་དྲིལ་བར་མཛད་པས། ས་བཅད་ཙམ་གྱིས་ཀྱང་གཞུང་གི་སྐབས་དོན་གང་ཞིག་འཆད་པར་འགྱུར་བ་བདེ་བླག་ཏུ་གོ་བར་མཛད་འདུག་ཅིང་། ས་བཅད་ཀྱི་ཚིག་རྣམས་ཀྱང་གཞུང་གི་དངོས་བསྟན་ཚིག་རིས་ཉིད་ལས་གྲུབ་པར་མཛད་འདུག་པར་བརྟེན། ས་བཅད་དང་གཞུང་དོན་གཉིས་ཤིན་ཏུ་འབྲེལ་ཆགས་པའི་དབང་གིས་གཞུང་དོན་བདེ་བླག་ཏུ་རྟོགས་པར་ཕན་རླབས་ཆེ་བར་སྣང་།

             དྲུག་པ། གཞུང་གི་གནད་འགག་རྣམས་སུ། ཀུན་མཁྱེན་ཀློང་ཆེན་པ་དང་འཇམ་མགོན་མི་ཕམ་གྱི་བསྟན་བཅོས་དག་གི་ལུང་ཚིག་དྲངས་ཏེ་གནད་དོན་གསལ་བར་མཛད་པས། དཔྱོད་ལྡན་རྣམས་ལ་ཡིད་ཆེས་ལྷག་ཏུ་འདྲེན་ཅིང་། སྔ་འགྱུར་ཀུན་མཁྱེན་ཡབ་སྲས་གཅིག་གི་དགོངས་པ་གཅིག་གིས་གསལ་བར་མཛད་པའི་རྨད་བྱུང་ལེགས་བཤད་དུ་སྣང་།

             མདོར་ན། མཁན་ཆེན་ནུས་ལྡན་གྱིས། དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་ལས། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ། རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོང་སྟབས་ལྟར་བཤད་པ། སྤྱི་དོན་སྡུད་པའི་ཚིག་སེང་གེའི་མཆོང་རྩལ་ལྟར་བཤད་པ། འབྲེལ་བར་སྦྱོར་བའི་ཚིག་ངང་མོའི་འགྲོས་ལྟར་བཤད་པ། རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟར་བཤད་པ། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟར་བཤད་པ། གཏར་ཀ་གེགས་སེལ་གྱི་ཚིག་གླག་ཁྲ་མོ་གཟན་ལ་འཇུམས་པ་ལྟར་བཤད་པ། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟར་བཤད་པ། མཚོན་པ་དཔེའི་ཚིག་མེ་ལོང་དྭངས་པའི་ངོས་ལྟར་བཤད་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་ཐགས་དང་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་པའོ། །ཞེས་གསུངས་པའི་བསྟན་བཅོས་འཆད་ཐབས་ཀྱི་ཡན་ལག་བཅུ་ཡོངས་སུ་ཚང་བའི་སྒོ་ནས་ཐེག་ཆེན་ཚུལ་འཇུག་གི་ཚིག་དོན་བཀྲལ་བར་མཛད་འདུག་པས། གཞུང་འདིར་ཐོས་བསམ་སློབ་གཉེར་བ་རྣམས་ལ་འགྲེལ་པ་འདིས་ཕན་གྲོགས་ངེས་ཅན་ཞིག་བྱེད་པར་ཐེ་ཚོམ་མ་མཆིས་སྙམ་མོ།།

༼ཧོཿ༽

                དེ་ལྟར་ལེགས་པར་བརྩམས་གྲུབ་པའི་འགྲེལ་པ་འདི་ཉིད་དཔར་སྐྲུན་ཞུས་རྗེས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་མཚོ་རྒྱལ་བཤད་སྒྲུབ་གླིང་གི་བཤད་གྲྭའི་ལོ་རིམ་གོང་མ་རྣམས་དང་། སྔ་འགྱུར་བཤད་གྲྭ་གཞན་ཁག་ལའང་རིན་མེད་ཆོས་སྦྱིན་དུ་སྤེལ་རྒྱུའི་དགོངས་པ་བཞེས་པ་ལྟར། དུས་ཀུན་ལྷག་བསམ་དུང་ལས་དཀར་བའི་ཆོས་ཀྱི་མཆེད་པོ་སྒྲུབ་དཔོན་རིན་ཆེན་རྡོ་རྗེ་མཆོག་ནས་ཧིན་སྒོར་དྲུག་ཁྲི་བཞི་སྟོང་བདུན་བརྒྱ་ཐམ་པ་དང་། མཁན་པོ་ངག་དབང་དགེ་ལེགས་མཆོག་ནས་ཧིན་སྒོར་ལྔ་ཁྲི་ཐམ་པ་ཞལ་འདེབས་སུ་གནང་བ་དང་། མཁྱེན་ལྡན་རྩོམ་པ་པོ་ཏོག་ཚ་ཚང་སྐུ་ངོ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དེབ་ཀྱི་རྒྱབ་ཤོག་མཛེས་རིས་དང་འཆར་འགོད་བཟོས་གནང་བ་སོགས་འབྲེལ་ཡོད་ཡོངས་ལ་སྐབས་འདི་བརྒྱུད་བཀའ་དྲིན་ཤིན་ཏུ་ནས་ཆེ་ཆེ་ཞུ། འདི་ལྟར་བགྱིས་པའི་རྣམ་དཀར་གྱི་མཐུས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཡུན་དུ་གནས་ཤིང་། དེ་འཛིན་ཡོངས་ཀྱི་གཙུག་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རིགས་བདག་འཁོར་ལོའི་མགོན་པོ་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཡང་སྲིད་རིན་པོ་ཆེ་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རྣམ་གཉིས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་ཞབས་ཟུང་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་།  རིན་པོ་ཆེ་མཆོག་ཀྱང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བསྐྱེད་སྨོན་ལམ་ཆ་ཕྲ་མོ་ཙམ་ཡང་མ་ལུས་པར་གྲུབ་པ་སོགས་མདོར་ན་རྗེ་བཙུན་འཇམ་དཔལ་དང་ཀུན་ཏུ་བཟང་པོ་སོགས་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྔོ་སྨོན་ཅི་ལྟར་བཏབ་པ་དེ་བཞིན་དུ་མྱུར་བ་ཉིད་དུ་གྲུབ་པར་གྱུར་ཅིག་གུ།

                ཞེས་འབྲོང་ངུར་བསྟན་འཛིན་ལམ་བཟང་དུ་འབོད་པས། སྲིད་པའི་དཔལ་ཡོན་རྩེ་མོར་སོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨོ་གླིང་གི་ Blue Mountains College འཛིན་ཁང་དུ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༧ ཉིན་བྲིས།

 

 

 

 

རྩོམ་པ་པོའི་ངོ་སྤྲོད།

༄༅།    །རིགས་གསུམ་སེམས་དཔའི་རོལ་གར་བླ་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

རྩོམ་པ་པོའི་ངོ་སྤྲོད་ནི་དེབ་ཚད་ལྡན་ཞིག་ལ་ཚང་དགོས་པའི་ཡན་ལག་གལ་ཆེན་ཞིག་ཡིན་པ་ལྟར། འདི་ནས་དེང་རབས་ཀྱི་ལོ་རྒྱུས་འགོད་སྟངས་གཞིར་བཟུང་རྩོམ་པ་པོའི་ངོ་སྤྲོད་མདོར་ཙམ་བརྗོད་པར་བྱའོ།།

མཚན།             དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན།

མཚན་གནས།        སྤྲུལ་སྐུ།  འབྲོང་ངུར་ཆོས་རྗེ།

སྐྱེས་ལོ།              ཕྱི་ལོ་ ༡༩༨༤ ལོར་སྐུ་འཁྲུངས།

ད་ལྟའི་ལས་གནས།

སྔ་འགྱུར་ཆོས་ཀྱི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གྲྭ་ཚང་གི་ཚོགས་གཙོ།

ཡོན་ཚད་ཕྱག་ཁྱེར།

༡༽ མཐའ་བྲལ་སྨྲ་བའི་དབང་ཕྱུག༼དབུ་མ་རབ་འབྱམས།༽ ༢༽ ཕར་ཕྱིན་རབ་འབྱམས།

༣༽ ངེས་གསང་ལེགས་བཤད་མཛོད་འཆང་།༼སློབ་དཔོན།༽

ཤེས་ཡོན་བརྒྱུད་རིམ།

བོད་དབྱིན་བལ་གསུམ་སྐད་ཡིག་གཞི་རྩའི་རྨང་གཞི་བརྟན་པོའི་ཐོག།།བོད་ཀྱི་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ། རྒྱལ་རབས། ཆོས་འབྱུང་། སྙན་ངག་དང་། ཐུན་མིན་ནང་ཆོས་མདོ་སྔགས་གཉིས་ལས། ཚད་མ། དབུ་མ། མངོན་པ། ཤེར་ཕྱིན། འདུལ་བ་སྟེ་བཀའ་པོད་ལྔའམ། མདོ་དང་མདོ་རྩ་འདུལ་བའི་གཞུང་། མཛོད་དང་ཀུན་བཏུས་མངོན་པའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་སྤྱོད་པའི་གཞུང་། རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་སྟེ། གཞུང་ཆེན་བཅུ་གསུམ་སོགས་མདོའི་ཕྱོགས་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་དོན་འོད་གསལ་སྙིང་པོ། ཡོན་ཏན་མཛོད། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག །ཡིད་བཞིན་མཛོད། མན་ངག་ལྟ་བའི་ཕྲེང་བ། བཀའ་བརྒྱད་རྣམ་བཤད། ཐེག་ཆེན་ཚུལ་འཇུག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་སོགས་སྔགས་ཀྱི་ཕྱོགས་ཏེ། ཐུན་མོང་སྐད་ཡིག་རིག་གནས་ནས་ཐུན་མིན་རྫོགས་པ་ཆེན་པོའི་བར་གྱི་རྒྱ་བོད་མཁས་པའི་གསུང་རབ་དུ་མར་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་གི་རིང་ཆུ་བོའི་རྒྱུན་བཞིན་གསན་བསམ་གནང་སྟེ། ཕྱི་ལོ་ ༢༠༡༤ བོད་ཟླ་གཉིས་པའི་བོད་ཚེས་བརྒྱད་ཉིན་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་བསླབ་པ་མཐར་སོན།

 འཆད་པ།

མདོ་ཕྱོགས་སྐོར། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཐེངས་གསུམ། མངོན་པ་མཛོད་དང་། དབུ་མ་རྒྱན། འདུལ་བ་མདོ་རྩ། བརྒལ་ལན་རྣམ་གསུམ་ཐེངས་རེ་འཆད་ཁྲིད་མཛད།

སྔགས་ཕྱོགས་སྐོར། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཐེངས་གཉིས། ཐེག་ཆེན་ཚུལ་འཇུག་ཐེངས་གཉིས། བཀའ་བརྒྱད་རྣམ་བཤད་ཐེངས་གཉིས། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་ཐེངས་གཉིས། སྲོག་སྡོམ་གཟེར་བཞི་ཐེངས་གཉིས། གསང་སྙིང་མཛོད་ལྡེ་ཐེངས་གཅིག །ཡིད་བཞིན་མཛོད་ཐེངས་གཅིག་བཅས་འཆད་ཁྲིད་མཛད།

རིག་གནས་སྐོར། བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་རྩ་བ་དང་འགྲེལ་པ་ནོར་བུའི་མེ་ལོང་ཐེངས་གཉིས་རེ། ཉན་ཤུལ་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་ཐེངས་གཉིས། ཉན་ཤུལ་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ཐེངས་ལྔ། དག་ཡིག་ངག་སྒྲོན་ཐེངས་གཅིག །སྨྲ་སྒོ་མཚོན་ཆ་ཚིག་ཕྲད་སྐོར་ཐེངས་གཅིག །བྱ་ཚིག་གི་རྣམ་གཞག་ལག་ལེན་བཅུད་བསྡུས་ཆེན་མོ་ཐེངས་གཅིག་བཅས་ལོ་ངོ་དུ་མའི་རིང་ཆུ་བོའི་རྒྱུན་བཞིན་སློབ་ཁྲིད་མཛད།

སྔོན་འགྲོ་བློ་སྦྱོང་སྐོར། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་ཡིག་འབྲིང་པོ་ཐེངས་ལྔ་དང་། བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཚིག་བརྒྱད་མ། དཔལ་སྤྲུལ་ཞལ་གདམས་ཐེངས་རེ་འཆད་ཁྲིད་མཛད།

རྩོམ་པ།

༡༽ ཕྱི་ལོ་ ༢༠༠༩ ལོར་དཔྱད་བརྗོད་གཟུར་གནས་བབས་སྟེགས། ༢༽ ཕྱི་ལོ་ ༢༠༡༠ ལོར་འབྲོང་དཀར་པོའི་ངུར་སྒྲ། ༣༽ ཕྱི་ལོ་ ༢༠༡༠ ལོར་བྱ་ཚིག་གི་རྣམ་གཞག་གསལ་བར་བཤད་པ་ལག་ལེན་བཅུད་བསྡུས། ༤༽ ཕྱི་ལོ་ ༢༠༡༥ ལོར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་དོན་གཉིས་ལམ་བཟང་། ༥༽ ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྟགས་ཀྱི་འཇུག་པའི་བརྗོད་བྱ་སྙིང་པོ་བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ།    ༦༽ ཕྱི་ལོ་ ༢༠༡༨ ལོར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་ཚོགས་གཉིས་ལམ་བཟང་། ༧༽ ཕྱི་ལོ་ ༢༠༡༩ ལོར་ཀུན་མཁྱེན་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚིག་དང་དོན་རྣམ་པར་བཤད་པ་དབྱིངས་རིག་ལམ་བཟང་ཞེས་བྱ་བ་འདི་ཉིད་བརྩམས་པར་མཛད་དོ། །འབྲོང་ངུར་ཆོས་རྗེས་བརྩམས་པའི་གསུང་རྩོམ་སོགས་ཀྱི་སྐོར་ཞིབ་པར་ www.drongngurchoje.net ཞེས་པའི་དྲ་ཚིགས་སུ་གཟིགས་པར་ཞུ།

འབྲོང་ངུར་ཕོ་ཉས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༢ ཉིན་བྲིས།