འབྲོང་ངུར་གདན་རབས་གསོལ་འདེབས།

༄༅།  །སྒྲུབ་བརྒྱུད་ཀྱི་སྙིང་པོ་རྒྱལ་དབང་དཔལ་འབྲོང་ངུར་པ་ཆེན་པོའི་གདན་རབས་གསོལ་འདེབས་བཞུགས་སོ། །

ན་མོ་གུ་རུ་རྗེ། དུས་གསུམ་སངས་རྒྱས་འདུས་པའི་སྐུ་གསུང་ཐུགས། །མི་ཤིགས་རྡོ་རྗེའི་སྙིང་པོ་བླ་ན་མེད། །ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །ཨོ་རྒྱན་པདྨ་མཁར་ཆེན་མཚོ་རྒྱལ་དང་། །ཁྲི་སྲོང་ལྡེའུ་བཙན་ཡེ་ཤེས་དབང་ཕྱུག་སོགས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་ཉམས་རྟོགས་གོང་དུ་འཕེལ་བར་ཤོག །རྒྱ་གར་མཁས་གྲུབ་དྲུང་དུ་རྩོད་པ་མཛད། །རྫུ་འཕྲུལ་བཀོད་པས་པཎྜི་ཏ་རྣམས་ཕམ། །དམ་ཆོས་ཆེན་པོ་གསང་སྔགས་ཆོས་ཆར་ཕབ། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །རྫོགས་ཆེན་དབང་ཐོབ་རྒྱལ་སྲས་མཛད་པ་ཅན། །གང་ལ་གང་འདུལ་གསང་སྔགས་ཟབ་མོ་ཡིས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་མཛད་པ། །ཤྲཱི་སིངྷའི་ཞབས་ལ་གསོལ་བ་འདེབས། །ཤར་ཕྱོགས་དུར་ཁྲོད་ཆེན་པོའི་གཞལ་ཡས་ནས། །ཐུགས་ཀྱི་རིག་འཛིན་རྡོ་རྗེ་གྲུབ་པ་རྩལ། །ཡང་དག་བཀའ་བབས་སྒྲུབ་པ་མཐའ་རུ་ཕྱིན། །ཧཱུྃ་ཆེན་ཀ་རའི་ཞབས་ལ་གསོལ་བ་འདེབས། །སྐྱེ་དགུའི་བསོད་ནམས་སིན་དྷུ་མཚོ་གླིང་དུ། །དགེ་ལེགས་པདྨའི་སྡོང་པོ་ལས་བལྟམས་པ། །རྒྱལ་བ་ཀུན་གྱི་ངོ་བོ་གཅིག་འདུས་པ། །པདྨ་ཀ་རཱའི་ཞབས་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་ཡོན་ཏན་རྨད་བྱུང་བའི། །མདོ་སྔགས་གདམས་པ་སྟོན་པ་ཆོས་ཀྱི་རྗེ། །སློབ་མའི་རྗེས་འཛིན་འཕགས་ཡུལ་པཎྜི་ཏ། །ཕྲ་ལ་རིང་མོའི་ཞབས་ལ་གསོལ་བ་འདེབས། །ཀུན་བཟང་ཐུགས་ཀའི་འོད་ལས་འཕྲོས་པ་ཡིས། །འགྲོ་བའི་དོན་ལ་བསྔགས་པ་ཆོས་ཀྱི་རྗེ། །རིགས་རུས་ཁྱད་འཕགས་འབྲོང་ངུར་པ་ཡི་གདུང་། །སེངྒེའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ། །བདུད་རྩི་སྨན་སྒྲུབ་མཛད་པ་ཆོས་ཀྱི་རྗེ། །འབྱུང་པོ་རོ་ལང་དམ་སྲི་མ་ལུས་འདུལ། །ཉི་མ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སྤུ་རང་ཡུལ་དུ་རྒྱལ་པོས་སྤྱན་དྲངས་ནས། །གཞན་སྣང་ཟིལ་གྱིས་གནོན་པ་ཆོས་ཀྱི་རྗེ། །ཁྱུང་ལུང་དངུལ་མཁར་རྩེ་ནས་འགྲོ་དོན་མཛད། །ཁྱུང་ནག་ཚེ་ཚེའི་ཞབས་ལ་གསོལ་བ་འདེབས། །སློབ་དཔོན་ཆེན་པོ་པདྨས་རྗེས་བཟུང་ནས། །གསང་སྔགས་སྣོད་དང་ལྡན་པ་ཆོས་ཀྱི་རྗེ། །ལྷ་ཚོགས་ཞལ་གཟིགས་ཉིད་ཀྱི་ལུས་ལ་ཐིམ། །ཡེ་ཤེས་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་དམ་ཆོས་བདུད་རྩི་ཡིས། །མཁྱེན་པ་རབ་ཏུ་རྒྱས་པ་ཆོས་ཀྱི་རྗེ། །སྐལ་ལྡན་སྨིན་ཅིང་གྲོལ་མཛད་ཐུགས་རྗེ་ཅན། །བཀྲ་ཤིས་དབང་གྲུབ་ཞབས་ལ་གསོལ་བ་འདེབས། །སྒྲུབ་ལ་མངའ་བརྙེས་མཁའ་ལ་བྱ་བཞིན་འཕུར། །གྲུབ་ཐོབ་འགྲན་གྱི་ཟླ་མེད་ཆོས་ཀྱི་རྗེ། །སངས་རྒྱས་བསྟན་དགྲ་ཐམས་ཅད་མེད་པར་མཛད། །འཕྲུལ་གྱི་གཤོག་རྒོད་ཞབས་ལ་གསོལ་བ་འདེབས། །དེ་ལས་རིམ་བརྒྱུད་རྒྱལ་བསྟན་གསལ་བར་མཛད། །ཤེས་བྱའི་གནས་ལུགས་མཁྱེན་པ་ཆོས་ཀྱི་རྗེ། །མཐའ་ཡས་འགྲོ་བའི་སྐྱབས་མགོན་ཉིད་གྱུར་པ། །རྡོ་རྗེ་ནག་པོའི་ཞབས་ལ་གསོལ་བ་འདེབས། །གནས་མཆོག་ཁྱད་འཕགས་སྙེ་མོ་གྱ་བ་རུ། །བེར་ནག་ཉི་ཟེར་བཀལ་བ་ཆོས་ཀྱི་རྗེ། །རྫུ་འཕྲུལ་སྤྲུལ་སྒྱུར་མང་པོ་སྟོན་མཛད་པའི། །ཁོ་དེ་དབང་གྲུབ་ཞབས་ལ་གསོལ་བ་འདེབས། །མཆོག་གི་སྒྲུབ་པ་བསྟན་པའི་རྒྱལ་མཚན་བཙུགས། །རླུང་སེམས་གཉིས་ལ་དབང་ཐོབ་ཆོས་ཀྱི་རྗེ། །ཚེ་གཅིག་མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །མེས་པོ་བརྒྱ་རྗེའི་ཞབས་ལ་གསོལ་བ་འདེབས། །རྫོགས་ཆེན་སྒྲུབ་བརྒྱུད་བསྟན་པ་འཛིན་མཛད་པ། །རྡོ་རྗེ་ཕུར་པའི་བཀའ་བབས་ཆོས་ཀྱི་རྗེ། །ས་ལམ་ཡོན་ཏན་དུ་མ་དང་ལྡན་པ། །ཡབ་ཆེན་ཇོ་ནག་ཞབས་ལ་གསོལ་བ་འདེབས། །མི་མཆོག་དུས་གསུམ་མཁྱེན་པས་རྗེས་བཟུང་ནས། །མདོ་སྔགས་བསྟན་པའི་རྒྱལ་མཚན་ཆོས་ཀྱི་རྗེ། །སྐལ་ལྡན་མང་པོ་སྨིན་གྲོལ་ལམ་ལ་བཀོད། །འགྲོ་མགོན་གངས་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་གངས་པའི་འཕྲིན་ལས་ཕྱོགས་བཅུར་སྤེལ། །སྙིགས་དུས་འགྲོ་བའི་སྐྱབས་གནས་ཆོས་ཀྱི་རྗེ། །མཁས་དང་གྲུབ་པའི་སྙན་པས་འཛམ་གླིང་ཁྱབ། །རྒྱ་མཚོ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུབ་བསྟན་རིན་ཆེན་པད་ཚལ་རྒྱས་མཛད་པ། །གྲུབ་རིགས་དབང་པོ་འབྲོང་ངུར་ཆོས་ཀྱི་རྗེ། །འགྲོ་བ་རྣམས་ལ་ཆོས་ཀྱི་དགའ་སྟོན་འགྱེད། །གདན་ས་རིན་གྲགས་ཞབས་ལ་གསོལ་བ་འདེབས། །འགྲོ་བློའི་གཏི་མུག་མུན་པ་རབ་བསལ་ནས། །སྙིང་པོའི་དོན་ལ་མངའ་བརྙེས་ཆོས་ཀྱི་རྗེ། །ཟབ་མོ་སྤྲོས་བྲལ་བདེན་པ་མངོན་གྱུར་པ། །སངས་རྒྱས་རིན་སྲུང་ཞབས་ལ་གསོལ་བ་འདེབས། །དད་བརྩོན་ཤེས་རབ་བློ་གྲོས་ནོར་གྱིས་ཕྱུག །དགོས་འདོད་ཀུན་འབྱུང་འགྲོ་མགོན་ཆོས་ཀྱི་རྗེ། །ཡོ་ག་རྣམ་གསུམ་མཁྱེན་པའི་དཀྱིལ་འཁོར་རྒྱས། །གྲགས་པ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཇི་སྙེད་ཤེས་བྱའི་གནས་རྣམས་ཐམས་ཅད་མཁྱེན། །འཇམ་དབྱངས་ཐུགས་སྤྲུལ་བླ་མ་ཆོས་ཀྱི་རྗེ། །མ་རིག་མུན་པ་སེལ་བའི་སྒྲོན་མེ་མཆོག །ཁྱུང་སྟོན་འོད་པོའི་ཞབས་ལ་གསོལ་བ་འདེབས། །ཕན་བདེའི་ཚོགས་ཀྱིས་འགྲོ་བའི་རེ་བ་སྐོང། །ཐར་པའི་ལམ་སྟོན་རྗེ་བཙུན་ཆོས་ཀྱི་རྗེ། །སྣ་ཚོགས་གདུལ་བྱ་ཀུན་གྱི་དེད་དཔོན་མཆོག །རིན་ཆེན་ལྷུན་པོའི་ཞབས་ལ་གསོལ་བ་འདེབས། །ཕག་མོས་ལུང་བསྟན་མཆོག་གི་དངོས་གྲུབ་བརྙེས། །བརྟུལ་ཞུགས་རབ་གྲུབ་རྒྱལ་བ་ཆོས་ཀྱི་རྗེ། །འགྲོ་དོན་ཐར་པའི་ལམ་ལ་བཀོད་མཛད་པའི། །ལྷུན་གྲུབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་སྲིད་ཞིའི་འདྲེན་པ་ཆོས་ཀྱི་རྗེ། །འགྲོ་ལ་མངོན་མཐོའི་གོ་འཕང་སྟེར་མཛད་པ། །ཀུན་དགའ་བློ་གྲོས་ཞབས་ལ་གསོལ་བ་འདེབས། །གཞན་དོན་བྱང་ཆུབ་ཐུགས་ཀྱིས་འགྲོ་ལ་གཟིགས། །ཐེག་མཆོག་སྔགས་ཀྱི་དོན་རྟོགས་ཆོས་ཀྱི་རྗེ། །རྫུ་འཕྲུལ་མངོན་ཤེས་དུ་མའི་མངའ་བདག་མཆོག །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གདུལ་དཀའ་མ་རུངས་དམུ་རྒོད་མཐའ་དག་ལ། །ངེས་དོན་ཟབ་ལམ་སྟོན་པ་ཆོས་ཀྱི་རྗེ། །དྲེགས་པ་ལོག་ལྟ་ཚར་གཅོད་སྤྲུལ་སྐུ་མཆོག །ཤེས་རབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སློབ་དཔོན་ལུང་བསྟན་ཕྱི་ནང་རྟེན་འབྲེལ་འགྲིགས། །མཐུ་ཐོབ་དབང་ཕྱུག་སྔགས་འཆང་ཆོས་ཀྱི་རྗེ། །ནུས་མཐུ་ཚད་མེད་ཌཱཀྐི་བྲན་བཞིན་འདུས། །པདྨ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཆོས་བརྒྱད་འཁྲུལ་བའི་སྣང་བ་མཐའ་དག་ཞིག །བདེ་ཆེན་གཉུག་མའི་དོན་རྟོགས་ཆོས་ཀྱི་རྗེ། །སྤྲུལ་སྣང་སྒྱུ་མ་ལྟ་བུར་འཛིན་མཛད་པ། །ངག་དབང་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཡི་དམ་ཞལ་གཟིགས་མཆོག་ཐུན་དངོས་གྲུབ་ཐོབ། །རྒྱལ་བའི་གདུང་འཚོབ་གྲུབ་ཐོབ་ཆོས་ཀྱི་རྗེ། །ཟག་མེད་ཡོན་ཏན་མ་ལུས་རབ་རྒྱས་པའི། །ཀརྨ་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །སེམས་ཀྱི་རྡོ་རྗེ་གཟིགས་པའི་རྣལ་འབྱོར་པ། །འཆིང་གྲོལ་སྤང་གཉེན་གྲོལ་བ་ཆོས་ཀྱི་རྗེ། །བསྟན་འགྲོ་རྣམས་ལ་ཕན་བདེའི་མཆོག་སྩོལ་བ། །ཀརྨ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྙིགས་མའི་གདུལ་བྱ་སོ་སོའི་སྣང་ངོ་རུ། །གང་འདུལ་ཕྲིན་ལས་མཛད་པ་ཆོས་ཀྱི་རྗེ། །འགྲོ་བློའི་རེ་འདོད་སྐོང་བའི་ཡིད་བཞིན་ནོར། །ཀརྨ་དགེ་དབང་ཞབས་ལ་གསོལ་བ་འདེབས། །སྐྱབས་གནས་ཀུན་འདུས་ཡོངས་འཛིན་ཐམས་ཅད་ལ། །སྒོ་གསུམ་མཉེས་པར་སྒྲུབ་པ་ཆོས་ཀྱི་རྗེ། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བྱོན་པ། །རིན་ཆེན་མཚན་ཅན་ཞབས་ལ་གསོལ་བ་འདེབས། །རིག་འཛིན་གོང་མའི་གདུང་འཚོབ་བདག་ཉིད་ལ། །ཐོས་བསམ་སྒོམ་གསུམ་རྒྱས་པ་ཆོས་ཀྱི་རྗེ། །རྒྱ་ཆེན་ཚོགས་གཉིས་སྤྱོད་པ་ལྷུར་ལེན་པ། །ཀརྨ་རབ་བརྟན་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་དག་པ་ངུར་སྨྲིག་འཆང་བ་པོ། །འབྲོང་ངུར་བསྟན་པ་འཛིན་སྐྱོང་སྤེལ་བྱེད་པའི། །མ་རྨད་མཁྱེན་པའི་གཏིང་མཐའ་མི་མངོན་པའི། །ཀརྨ་དཔལ་འབར་ཞབས་ལ་གསོལ་བ་འདེབས། །ཚེ་འདིར་སྙིང་པོ་མེད་པར་གཟིགས་ནས་ཀྱང་། །འདུ་འཛི་སྤངས་ནས་རྩེ་གཅིག་སྒྲུབ་པ་མཛད། །ཟབ་ལམ་ཕྱག་རྫོགས་གཉིས་ལ་མངའ་བརྙེས་པ[1]། །བླ་མ་གངས་མཆོག་ཞབས་ལ་གསོལ་བ་འདེབས། །མཁྱེན་པའི་གཏིང་མཐའ་མི་མངོན་རྒྱ་མཚོ་ལྟར། །རིག་གནས་ཀུན་ལ་མ་རྨོངས་ལེགས་པར་མཁྱེན། །འབྲོང་ངུར་བསྟན་པའི་སྲོལ་འཛིན་གྲུབ་པ་ཐོབ། །བརྒྱུད་འཛིན་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འབྲོང་ངུར་པའི། །བཤད་དང་སྒྲུབ་པའི་རིང་ལུགས་ཇི་སྙེད་ཀུན། །མ་ལུས་ཐུགས་ཆུད་བྱང་ཕྱོགས་པཎྜི་ཏ། །ཆོས་རྗེ་དགེ་བའི་དབང་པོར་གསོལ་བ་འདེབས། །ཀུན་ཏུ་བཟང་པོའི་ཐུགས་རྗེའི་བྱིན་རླབས་ལས། །གདུང་རྒྱུད་ཆུ་བོ་གཞུང་ལྟར་མ་ཆད་པའི། །བྱིན་རླབས་ནུས་ལྡན་སྔགས་འཆང་ཚུལ་འཛིན་པ། །བླ་མ་རང་གྲོལ་ཞབས་ལ་གསོལ་བ་འདེབས། །པད་འབྱུང་ལུང་བསྟན་དབེན་གནས་རི་ཁྲོད་འགྲིམས། །ཕྱག་རྫོགས་རྩ་རླུང་སེམས་ལ་རང་དབང་ཐོབ། །ཚེ་གཅིག་སངས་རྒྱས་ལྷག་མེད་འཇའ་ལུས་གྲུབ། །ངག་དབང་མཐུ་སྟོབས་མེ་འབར་ལ་གསོལ་བ་འདེབས། །འབྲོང་ངུར་བསྟན་ལ་ངུར་སྨྲིག་འཆང་བ་པོ། །ཟབ་མོ་དབུ་མའི་རྟོགས་ཚུད་ཆོས་ཀྱི་རྗེ། །འགྲོ་རྣམས་འཁོར་བ་ལས་སྒྲོལ་སྤྲུལ་པའི་སྐུ། །དཀོན་མཆོག་གྲགས་པའི་ཞབས་ལ་གསོལ་བ་འདེབས། །མཁའ་ཁྱབ་ཐུགས་ནི་གཏིང་མཐའ་མི་མངོན་པའི། །མཁྱེན་པའི་ཡེ་ཤེས་སཱུརྱའི་མདངས་ལྟར་གསལ། །གཏི་མུག་མུན་པ་གསལ་མཛད་ཆོས་ཀྱི་རྗེ། །དཀོན་མཆོག་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །སྒྲུབ་བརྒྱུད་བསྟན་པའི་རྩ་ལག་འབྲོང་ངུར་པའི། །ཉམས་ལེན་ཕྱག་རྒྱ་ཆེན་པོའི་ཉི་འོད་གསལ། །བདག་རྒྱུད་གསལ་ཞིང་ཉོན་མོངས་སེལ་བའི་རྗེ། །བསྟན་འཛིན་དོན་འགྲུབ་ཞབས་ལ་གསོལ་བ་འདེབས། །སྟོན་པ་གཉིས་པ་ཀུན་བཟང་གདོད་མའི་མགོན། །བུ་རམ་ཤིང་པའི་བསྟན་པ་སྤེལ་བྱེད་པ། །མདོ་སྔགས་དོན་འབྱིན་ལོག་ལྟའི་བདུད་ཀྱང་བཏུལ། །བསྟན་འཛིན་རྣམ་གྲོལ་ཞབས་ལ་གསོལ་བ་འདེབས། །མཆོག་གི་སྤྲུལ་པའི་ངུར་སྨྲིག་ཟློས་གར་མཁན། །གྲུ་འཛིན་གཉིས་པའི་བསྟན་པ་འཛིན་པའི་རྗེ། །ཉིད་ཀྱང་མ་ནོར་ལམ་ལ་འགོད་མཛད་པ། །ངེས་ལེགས་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་ཀ༵རྨ༵་ལེགས་བཤད་དེར། །འཇི༵གས་མེ༵ད་རྣམ་པར་རྒྱལ་བའི་ཕྲི༵ན་ལ༵ས་ཀྱིས། །ཀུན༵་ལ་ཁྱ༵བ་མཛད་བླ་མ་ཆོས་ཀྱི་རྗེ། །ཀརྨ་བྷ་དྲའི་ཞབས་ལ་གསོལ་བ་འདེབས། །ཀུན་བཟང་ཐུགས་ཀའི་འོད་སྤྲུལ་འབྲོང་ངུར་པ། །མ་ནོར་གཞན་པ་ཐར་ལམ་འགོད་མཛད་པའི། །ཚེ༵་ལ་དབ༵ང་བ་བསྟན༵་འཛི༵ན་ཆོས་ཀྱི་རྗེ། །ཀ༵རྨ༵་ཤེ༵ས་ར༵བ་ཞབས་ལ་གསོལ་བ་འདེབས། །དཀོ༵ན་མཆོ༵ག་རི༵ན་ཆེ༵ན་གསུམ་གྱི་ངོ་བོ་ཉིད། །བློ༵་གྲོ༵ས་འགྲན་མེད་ང༵ག་གི་དབ༵ང་ཕྱུག་དེར། །བསླབ་གསུམ་མཚུངས་མེད་རྒྱན་ལྡན་དཔལ་གྱི་གཞི། །བླ་མ་ངག་དབང་ཞབས་ལ་གསོལ་བ་འདེབས། །བརྒྱད་ཁྲི་བཞི་སྟོང་ད༵མ་ཆོ༵ས་ལུང་རིགས་མཁྱེན། །འཁོར་འདས་རོ་སྙོམས་ཀུན༵་བཟ༵ང་དགོངས་དབྱིངས་སད། །བདག་གཞན་མཉམ་པའི་ར༵ང་གྲོ༵ལ་འགྲོ་ལ་བརྩེ། །རྒྱལ་སྲས་སྤྱོད་པ་སྐྱོང་དེར་གསོལ་བ་འདེབས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ་གསུང་ཐུགས། །གཅིག་འདུས་ངོ་བོ་ཁྱབ་བདག་ཆོས་ཀྱི་རྗེ། །བདག་ལ་དབང་བསྐུར་ལུང་ཁྲིད་བརྒྱུད་པ་ཡི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞན་ཡང་དམ་ཆོས་ལྷ་ཡི་ཆུ་རྒྱུན་གྱིས། །རྗེས་འཇུག་སློབ་མ་སྐྱོང་ཞིང་བསྟན་འགྲོ་ལ། །ཕན་བདེའི་མཆོག་སྩོལ་ཡོངས་འཛིན་ཐམས་ཅད་དང་། །ད་ལྟར་བཞུགས་དང་མ་བྱོན་པ་རྣམས་ལ། །གུས་པས་གསོལ་འདེབས་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་དཔོན་སློབ་ཆོས་ལྡན་བསམ་སྦྱོར་ཀུན། །གེགས་མེད་དངོས་གྲུབ་ཚེ་བསོད་དཔལ་འཕེལ་ཞིང་། །རང་གཞན་སྨིན་ཅིང་གྲོལ་བའི་མཐུ་ཐོབ་ནས། །རྣམ་པ་ཀུན་མཁྱེན་སངས་རྒྱས་ཐོབ་པར་ཤོག །རྡོ་རྗེ་ཕུར་པ་དང་ན་རཀ་དོང་སྤྲུག་བཅས་ཀྱི་བརྒྱུད་འདེབས་ཀྱི་ཁ་སྐོང་ཅུང་ཞིག་དགོས་ཞེས་སད་དྷརྨས་བསྐུལ་ངོར། འབྲོང་ངུར་པ་དཀོན་མཆོག་གཞན་ཕན་དབང་ཕྱུག་བཟང་པོ་ཞེས་སམ། མིང་གཞན་ཀུན་བཟང་རང་གྲོལ་གྱིས་ཚིགས་བཅད་དགེའོ། །

[1] མ་དཔེར། ཟབ་ལམ་ཕྱག་རྫོགས་གཉིས་ལ་མངའ་བརྙེས་ཀྱང་། །ཞེས་གསལ། ཟབ་ལམ་ཕྱག་རྫོགས་གཉིས་ལ་མངའ་བརྙེས་པ། །ཞེས་སུ་དག་བཅོས་ཞུས།