༄༅། །འབྲོང་ངུར་ཆོས་རྗེ་སྐྱེ་འཕྲེང་རིམ་བྱོན་གྱི་གསོལ་འདེབས།
༄༅། །འབྲོང་ངུར་ཆོས་རྗེ་སྐྱེ་འཕྲེང་རིམ་བྱོན་གྱི་གསོལ་འདེབས།
མི་མཆོག་དུས་གསུམ་མཁྱེན་པས་རྗེས་བཟུང་ཞིང་།། མདོ་སྔགས་བསྟན་པའི་རྒྱལ་མཚན་ཆོས་ཀྱི་རྗེ།།
སྐལ་ལྡན་མང་པོ་སྨིན་གྲོལ་ལམ་ལ་བཀོད།། འགྲོ་མགོན་གངས་པའི་ཞབས་ལ་གསོལ་བ་འདེབས།།
དད་བརྩོན་ཤེས་རབ་བློ་གྲོས་ནོར་གྱིས་ཕྱུག། དགོས་འདོད་ཀུན་འབྱུང་འགྲོ་མགོན་ཆོས་ཀྱི་རྗེ།།
ཡོ་ག་རྣམ་གསུམ་མཁྱེན་པའི་དཀྱིལ་འཁོར་རྒྱས།། གྲགས་པ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།།
ཇི་སྙེད་ཤེས་བྱའི་གནས་རྣམས་ཐམས་ཅད་མཁྱེན།། འཇམ་དབྱངས་ཐུགས་སྤྲུལ་བླ་མ་ཆོས་ཀྱི་རྗེ།།
མ་རིག་མུན་པ་སེལ་བའི་སྒྲོན་མེ་མཆོག། ཁྱུང་སྟོན་འོད་པོའི་ཞབས་ལ་གསོལ་བ་འདེབས།།
ཕག་མོས་ལུང་བསྟན་མཆོག་གི་དངོས་གྲུབ་བརྙེས།། བརྟུལ་ཞུགས་རབ་གྲུབ་རྒྱལ་བ་ཆོས་ཀྱི་རྗེ།།
འགྲོ་དོན་ཐར་པའི་ལམ་ལ་བཀོད་མཛད་པ།། ལྷུན་གྲུབ་རྒྱལ་᫄᪱᪄་ᫍ᪠ས་ལ་གསོལ་བ་འདེབས།།
སློབ་དཔོན་ལུང་བསྟན་ཕྱི་ནང་རྟེན་འབྲེལ་འགྲིགས།། མཐུ་སྟོབས་དབང་ཕྱུག་སྔགས་འཆང་ཆོས་ཀྱི་རྗེ།།
ནུས་མཐུ་ཚད་མེད་ཌཱཀྐི་བྲན་བཞིན་འདུས།། པདྨ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།
ཡི་དམ་ཞལ་གཟིགས་མཆོག་ཐུན་དངོས་གྲུབ་ཐོབ།། རྒྱལ་བའི་གདུང་འཚོབ་གྲུབ་ཐོབ་ཆོས་ཀྱི་རྗེ།།
ཟག་མེད་ཡོན་ཏན་མ་ལུས་རབ་རྒྱས་པ།། ཀརྨ་དོན་གྲུབ་ཞབས་ལ་གསོལ་བ་འདེབས།།
སྙིགས་མའི་གདུལ་བྱ་སོ་སོའི་སྣང་ངོ་རུ།། གང་འདུལ་འཕྲིན་ལས་མཛད་པ་ཆོས་ཀྱི་རྗེ།།
འགྲོ་བློའི་རེ་འདོད་སྐོང་བའི་ཡིད་བཞིན་ནོར།། ཀརྨ་དགེ་དབང་ཞབས་ལ་གསོལ་བ་འདེབས།།
ཚེ་འདིར་སྙིང་པོ་མེད་པར་གཟིགས་ནས་ཀྱང་།། འདུ་འཛི་སྤངས་ནས་རྩེ་གཅིག་སྒྲུབ་པ་མཛད།།
ཟབ་ལམ་ཕྱག་རྫོགས་གཉིས་ལ་མངའ་བརྙེས་པ།། བླ་མ་གངས་མཆོག་ཞབས་ལ་གསོལ་བ་འདེབས།།
ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འབྲོང་ངུར་པའི།། བཤད་དང་སྒྲུབ་པའི་རིང་ལུགས་ཇི་སྙེད་ཀུན།།
མ་ལུས་ཐུགས་ཆུད་བྱང་ཕྱོགས་པཎྜི་ཏ།། ཆོས་རྗེ་དགེ་བའི་དབང་པོར་གསོལ་བ་འདེབས།།
མཁའ་ཁྱབ་ཐུགས་ནི་གཏིང་མཐའ་མི་མངོན་པས།། མཁྱེན་པའི་ཡེ་ཤེས་སུརྱའི་མདངས་ལྟར་གསལ།།
གཏི་མུག་མུན་པ་བསལ་མཛད་ཆོས་ཀྱི་རྗེ།། དཀོན་མཆོག་བསྟན་འཛིན་བཟང་པོར་གསོལ་བ་འདེབས།།
སྒྲུབ་བརྒྱུད་བསྟན་པའི་རྩ་ལག་འབྲོང་ངུར་པའི།། ཉམས་ལེན་ཕྱག་རྒྱ་ཆེན་པོའི་ཉི་འོད་གསལ།།
བདག་རྒྱུད་གསལ་ཞིང་ཉོན་མོངས་བསལ་བའི་རྗེ།། བསྟན་འཛིན་དོན་གྲུབ་ཞབས་ལ་གསོལ་བ་འདེབས།།
སྟོན་པ་གཉིས་་ཀུན་བཟང་གདོད་མའི་མགོན།། བུ་རམ་ཤིང་པའི་བསྟན་པ་སྤེལ་བྱེད་པ།།
མདོ་སྔགས་དོན་འབྱིན་ལོག་ལྟའི་བདུད་ཀྱང་བཏུལ།། བསྟན་འཛིན་རྣམ་གྲོལ་ཞབས་ལ་གསོལ་བ་འདེབས།།
ཆོས་ཀྱི་རྒྱལ་པོ་ཀརྨ་ལེགས་བཤད་དེའི།། འཇིགས་མེད་རྣམ་པར་རྒྱལ་བའི་འཕྲིན་ལས་ཀྱིས།།
ཀུན་ལ་ཁྱབ་མཛད་བླ་མ་ཆོས་ཀྱི་རྗེ།། ཀརྨ་བྷ་དྲའི་ཞབས་ལ་གསོལ་བ་འདེབས།།
སངས་རྒྱས་ཐམས་ཅད་འདུས་པའི་སྐུ་གསུང་ཐུགས།། གཅིག་བསྡུས་ངོ་བོ་ཁྱབ་བདག་ཆོས་ཀྱི་རྗེ།།
བདག་ལ་དབང་བསྐུར་ལུང་ཁྲིད་བརྒྱུད་པ་ཡི།། རྩ་བའི་བླ་མའི་ཞབས་[1]ལ་གསོལ་བ་འདེབས།།
རྒྱལ་ཀུན་གསང་བདག་མཁྱེན་བརྩེའི་འོད་དཀར་ལས།། གང་འདུལ་རོལ་གར་བསྟན་དང་འགྲོ་བའི་བཤེས།།
འགྲོ་འདུལ་མཚན་ཅན་འབྲོང་ངུར་ཆོས་ཀྱི་རྗེར།། གསོལ་བ་འདེབས་སོ་དེང་འདིར་ཐུགས་རྗེས་དགོངས།།
ངེས་དོན་སྙིང་པོོའི་རིང་ལུགས་ཀྱི།། རྒྱལ་སྲིད་འཛིན་པ་རྒྱལ་བའི་མཚན།།
དེ་ཡི་སྐྱེ་འཕྲེང་བཅུ་དྲུག་པ།། དཀོན་མཆོག་བསྟན་འཛིན་གསོལ་བ་འདེབས།།
དེ་ལྟར་ཆོས་ཀྱི་རྒྱལ་པོ་ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་འོག་མིན་མཚུར་ཕུའི་གདན་རབས་བཞི་པ་དང་། སྤངས་རྟོགས་ཡོན་ཏན་རྗེ་ཉིད་དང་རྣམ་དབྱེར་མ་མཆིས་པ་བཅུ་གསུམ་གྱི་ཡ་གྱལ། འབྲོང་ངུར་ཆོས་རྗེ་གངས་དཀར་པ་རིན་ཆེན་འོད་ཟེར་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནས་རིམ་པར་བྱོན་པའི་སྐྱེ་འཕྲེང་རིམ་བྱོན་གྱི་གསོལ་འདེབས་འདི་ནི། འབྲོང་ངུར་པ་དཀོན་མཆོག་གཞན་ཕན་དབང་ཕྱུག་བཟང་པོ་ཞེས་སམ། མིང་གཞན་ཀུན་བཟང་རང་གྲོལ་གྱིས་མཛད་པའི་སྒྲུབ་བརྒྱུད་ཀྱི་སྙིང་པོ་རྒྱལ་དབང་དཔལ་འབྲོང་ངུར་པ་ཆེན་པོའི་གདན་རབས་གསོལ་འདེབས་སུ་སྐུ་འཕྲེང་བཅུ་བཞི་ཡན་གྱི་གསོལ་འདེབས་འཁོད་པ་ཟུར་དུ་ཕྱུང་ཞིང་། བཅོ་ལྔ་པའི་གསོལ་འདེབས་དེ་ནི་འབྲོང་ངུར་ཆོས་རྗེ་བཅུ་དྲུག་པས་མཛད་པའི་གང་གི་གསོལ་འདེབས་ལས་བཏུས། བཅུ་དྲུག་པའི་གསོལ་འདེབས་དེ་ནི་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་མཛད་པའི་ཞབས་བརྟན་གསོལ་འདེབས་ལས་ཁ་བསྐངས་ཞུས་པས། རྣམ་ཐར་གསོལ་འདེབས་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཡིན་པ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ། རྩོམ་རིག་སྒྱུ་རྩལ་གྱིས་ཕྱུག་པ། མདོར་ན་ངོས་མང་པོ་ཞིག་ནས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པས། རང་བཟོའི་དྲི་མ་ཙམ་མ་འདྲེས་པར་སྒྲིག་པ་པོ་ནི། བོད་གངས་ཅན་ལྗོངས་ཀྱི་བྱེ་བྲག་ནགས་ཤོད་སྦས་ཡུལ་དུ་ལྟེ་ཁྲག་འཐོར་ཞིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཕྱག་དམ་པོས་འཆང་ཞིང་ཚེ་རབས་རྗེས་སུ་འཛིན་པའི་ལུང་བསྟན་ཐོབ་པའི་སྐལ་བ་བཟང་པོ་ཅན་འབྲོང་ངུར་བསྟན་འཛིན་ལམ་བཟང་འབོད་པས་ཨོ་གླིང་གྲོང་ཁྱེར་སིཌ་ནི་ཞེས་པར། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ ཉིན་བསྒྲིགས་པ་དགེའོ།།
[1] འབྲོང་ངུར་ཆོས་རྗེ་བཅུ་བཞི་པ་དཀོན་མཆོག་བསྟན་འཛིན།