ཤག་འབྲོང་ངུར་དགོན་གྱི་ངོ་སྤྲོད།

 

ངོ་མཚར་ཐུགས་བསྐྱེད་ཉི་གཞོན་འབྲོང་ངུར་པ།།

འདི་ན་རྣམ་གྲོལ་བྱང་ཆེན་ཤག་ཝ་ཐང༌།།

བཀའ་བརྒྱུད་གོང་མའི་རྗེས་འཛིན་ཆོས་ཀྱི་སྡེ།།

ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་འཕེལ་རྒྱས་གླིང༌།།

ཞེས་སྐྱབས་རྗེ་རི་དབང་བསྟན་འཛིན་མཆོག་གིས་གསུངས་པ་འདིར་སྔོན་དུ་བཀོད་དེ། དེ་སྔོན་ཁམས་སྟོད་ནགས་ཤོད་འབྲི་རུ་ཁོངས་འགོམ་ཚོ་ཤོག་དང་ད་ལྟ་ཤག་ཆུ་ཤའང་ཁོངས་ཝ་ཐང་བཀའ་བརྒྱུད་འཕེལ་རྒྱས་གླིང་གི་ངོ་སྤྲོད་རགས་ཙམ་གླེང་བ་ལ།

དང་པོ། ཕྱག་འདེབས་པ་པོའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་དང༌། ངོ་སྤྲོད་མདོར་ཙམ་བསྟན་པ་ནི།

གུ་ཤྲཱི་འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་འགྲོ་མགོན་གངས་པའམ། ཆོས་རྗེ་སྒང་པ། གཉིས་པ་གྲགས་པ་རྒྱལ་པོ། གསུམ་པ་ཁྱུང་སྟོན་འོད་པོ། བཞི་པ་ལྷུན་གྲུབ་རྒྱལ་མཚན། ལྔ་པ་པདྨ་རྒྱལ་མཚན། དྲུག་པ་ཀརྨ་དོན་གྲུབ། བདུན་པ་ཀརྨ་དགེ་དབང༌། བརྒྱད་པ་གངས་པ་མཆོག་རྒྱལ། དགུ་པ་དགེ་བའི་དབང་པོ། བཅུ་པ་དཀོན་མཆོག་བསྟན་འཛིན་བཟང་པོ། བཅུ་གཅིག་པ་བསྟན་འཛིན་དོན་གྲུབ། བཅུ་གཉིས་པ་བསྟན་འཛིན་རྣམ་གྲོལ། བཅུ་གསུམ་པ་ཀརྨ་བྷ་དྲ། བཅུ་བཞི་པ་དཀོན་མཆོག་བསྟན་འཛིན་བཟང་པོ། བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ། བཅུ་དྲུག་པ་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ད་ལྟ་སྐུ་འཚོ་བཞིན་པ་བཅས་སོ།།

འབྲོང་ངུར་ཆོས་རྗེ་དང་པོ་ནི། ཡུལ་ཞོ་མོ་སྒང་ཞེས་པར་འཁྲུངས་ ༡༡༧༥་་་་༡༢༤༧ ཆུང་དུས་ནས་ཡབ་མེས་ཀྱི་ཆོས་སྔ་འགྱུར་ཞི་ཁྲོ་ཕུར་གསུམ་ལ་མཁས་ཀྱང་ཐུགས་མ་ཚིམས་པར་ཀརྨ་པ་དུས་མཁྱེན་ཞབས་ལ་གཏུགས་པས་བཀའ་བརྒྱུད་པར་གྱུར། རྗེ་འདི་པའི་རྒྱུན་འཛིན་དང་མཚུར་ཕུའི་ཁྲི་རབས་བཞི་པ་མཛད་པས་ཆོས་རྗེ་ཞེས་པའི་མཚན་ཕུལ། མཁས་གྲུབ་ཀྱི་གྲགས་པ་ཕྱོགས་ཀུན་ཁྱབ། དཀར་ལེབ་ཕུག་པར་སྒོམ་ལ་བཞུགས་པས་གངས་དཀར་པ་ཞུ་ལ་མཚན་དངོས་རིན་ཆེན་འོད་ཟེར་ཡིན། སྐབས་ཞིག་འབྲོང་གཡག་ཆེ་བ་ཞིག་གིས་ངུར་སྒྲ་བཅས་སྒོ་བརྡུང་བ་ལ་བརྟེན་ནས། ཟངས་མདོག་དཔལ་རིར་ཕེབས་པ་སོགས་ངོ་མཚར་བའི་རྣམ་ཐར་ཞིབ་པར་མེ་མོའི་གནས་བཤད་དུ་གསལ། དེ་ནས་བཟུང་འབྲོང་ངུར་ཆོས་རྗེ་ཞེས་པའི་མཚན་ཐོགས། ལོ་རྒྱུས་རྙིང་པར་འབྲོང་བུ་ཞེས་བྲིས་འདུག་ཀྱང༌། མིང་གཞི་ང་དང་རྗེས་འཇུག་ར་གཉིས་བསྡུས་ཤིང༌། བདག་སྒྲ་བ་ཡིག་ལ་དབྱངས་གཉིས་པ་སྦྱར་ཏེ་བརྗོད་བདེ་ཕྱིར་ལས་ཁྱད་གཞན་མེད་པར་མཁྱེན་དགོས། བུ་སློབ་དང་གདན་ས་སོགས་ལ་ཉིད་ཀྱི་མཚན་ཟུར་སྦྱར་ཏེ་འབྲོང་ངུར་ཞེས་མིང་འདོགས་སྲོལ་ཡོད་པ་རེད། རྗེ་འདིས་གཙང་དུ་འབྲོང་བུ་དགོན་རྙིང་དགོན་གསར་དང༌། སྐུ་ཚེ་སྨད་ལ་ཁམས་སུ་ཝ་ཐང་དང་སོག་ཙན་དན་དགོན་སོགས་བཏབ། མཛད་ཕྲིན་ཆེ་བའི་མུས་མྱ་ངན་འདས་པས་སྐུ་གདུང་རིན་པོ་ཆེ་ནི། སོག་ཙན་དན་དགོན་དུ་ཡོད་ཚུལ་དགོན་དེའི་ལོ་རྒྱུས་སུ་གསལ། བུ་སློབ་ཀྱིས་བཏབ་པའི་ལོ་འབྲོང་ངུར་དགོན་དང༌། རྫ་དམར་འབྲོང་ངུར་དགོན་བཅས་ཡོད་པ་རེད། ཆོས་རྗེ་རིམ་བྱོན་གྱི་རྣམ་ཐར་ཞིབ་པར་མཁྱེན་འདོད་ན། ༼གུ་ཤྲཱི་འབྲོང་ངུར་ཆོས་རྗེ་སྐུ་འཕྲེང་རིན་བྱོན་གྱི་ངོ་སྤྲོད་མདོར་བསྡུས་དང༌། ནགས་ཤོད་ལོ་རྒྱུས།༽ སོགས་ལ་གཟིགས་འཚལ།

ཆོས་རྗེ་སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་ 1923-1970 ནི། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་གོང་མའི་སྐྱེ་སྲིད་དུ་ངོས་འཛིན་མཛད། འབྲོང་ངུར་སྲས་ཆུང་སོགས་ཡོངས་འཛིན་འགའ་ཞིག་བསྟེན། སྦྱངས་ཡོན་དེ་ཙམ་མི་ཆེ་ཡང་མངོན་ཤེས་རྫུ་འཕྲུལ་ཐོགས་མེད་དུ་མངའ། རྒྱ་གཞུང་གིས་ནག་ཆུ་ས་གནས་ཨུ་ཡོན་དང༌། འབྲི་རུ་གྲ་སྒྲིག་ཨུ་ལྷན་ཁོངས་མི་བསྐོ་བཞག་བྱས་ཀྱང༌། རང་རིགས་ལ་དུང་ཞིང་རྒྱལ་ཞེན་ཆེ་བས་ཁོ་ཚོའི་མིག་ནང་གི་ཚེར་མ་ལྟར་གྱུར་ནས་འབྲི་རུར་ཟིང་འཁྲུགས་སློང་མཁན་དང༌། རྒྱལ་ཕུང་དམངས་གནོད་ཀྱི་མིང་ངན་གཡོགས་ཏེ། ཕྱི་ལོ་ ༡༩༧༠ ཟླ་བ་ ༩ ཚེས་ ༢༦ ཉིན་འབྲི་རུའི་ཁྲིམས་ཁང་ནས་ཉེས་མེད་སྲོག་ཁྲིམས་བཅད་པ་རེད། དེ་ནི་བསྟན་དགོན་ལ་གྱོང་གུན་ནམ་ཡང་གསབ་མི་ཐུབ་པ་ཞིག་ལོས་ཡིན། འོན་ཀྱང༌། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་གིས་ཐུགས་རྗེའི་གཟིགས་པ་ཆེན་པོས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཕེབས་པ་བཞིན། དེང་མཆོག་སྤྲུལ་ཉི་མ་གཞོན་ནུ་གོང་མའི་ཆོས་ཁྲིར་འཁོད་ཅིང་དམ་པའི་བགྱི་བ་ནམ་ཡང་ལྷོད་མེད་ཐོག་བཞུགས་བཞིན་པའོ།།

གཉིས་པ།

དཔལ་ལྡན་གྱ་པ་འབྲོང་ངུར་པ་ཆེན་པོའི་རྩ་བའི་གདན་ས་ཤག་འབྲོང་ངུར་དགོན་འདི་ཉིད་རབ་བྱུང་བཞི་པའི་ས་སྤྲེལ་ཕྱི་ལོ་ ༡༢༤༨ ལོར་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འབྲོང་ངུར་ཆོས་རྗེ་སྒང་པས་ཕྱག་བཏབ་སྟེ་ད་བར་བགྲང་བྱ་ ༧༤༠ ལྷག་གི་ལོ་རྒྱུས་ལྡན་ཡོད། བྱང་གླིང་དཔལ་འབར་གླིང་དང༌། ྋརྒྱལ་བའི་ཞབས་དགོན་བཀའ་འགྱུར་གླིང༌། བཀའ་བརྒྱུད་འཕེལ་རྒྱས་གླིང་སྟེ་གླིང་གསུམ་དང༌། དགེ་འདུན་མང་སྐོར་སྟོང་ཕྲག་ཡན་ཡོད་སྐད་འདུག ནག་ཆུའི་ལོ་རྒྱུས་དཔྱད་གཞི་ལྟར་ན། སྤྱི་ལོ་ ༡༩༥༩ ཡས་མས་སུ་གྲྭ་བརྒྱ་སྐོར་ཞིག་ཡོད་ཚོད་འདུག ཆོས་ལུགས་ནི་འབྲི་ལུགས་སྤྱི་ལྟར་དང་ཐུན་མིན་སྔ་འགྱུར་བཀའ་མ་ཞི་ཁྲོ་ཕུར་གསུམ་ཉམས་བཞེས་གཙོ་བོ་གནང་གིན་ཡོད།།

གསུམ་པ་རྟེན་གསུམ་ཇི་ཡོད་སྐོར།

རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོ་དང༌། གུ་རུ་སྣང་སྲིད་ཟིལ་མནོན་གསེར་ཟངས་ལས་གྲུབ་པ་ཐོག་བརྩེགས་གཉིས་ཅན་དང༌། སྐུ་འདྲ་ཆེ་ཆུང་གྲངས་ལས་འདས་པ་དང༌།

གསུང་རྟེན། རྒྱལ་མཆོག་ལྔ་པ་ཆེན་པོས་བསྩལ་བའི་བཀའ་འགྱུར་གསེར་གདོང་ཅན་དང༌། རྙིང་མ་རྒྱུད་འབུམ། བཀའ་བརྒྱུད་སྔགས་མཛོད། ཀརྨ་པ། འབྲི་གུང་སྐྱོབ་པ། ཆོས་རྗེ་སྒང་པ་ལ་སོགས་པའི་གསར་རྙིང་གི་དམ་པ་དུ་མའི་བཀའ་འབུམ་གྱི་རིགས་སོགས་གསུང་རྟེན་སྐོར་དང༌།

ཐུགས་རྟེན་ནི། ྋརྒྱལ་མཆོག་ལྔ་པ་ཆེན་པོས་བསྩལ་བ་ཤར་ལི་ལས་གྲུབ་པའི་མཆོད་རྟེན་བྱ་རུང་ཁ་ཤོར་མི་ཚད་འབྲིང་པོ་ཙམ་དང༌། གཞན་ཡང༌། གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད་ཐོག་བརྩེགས་གཅིག་ཅན་སོགས་ཐུགས་རྟེན་གྱི་སྐོར་དང༌། གནམ་ལྕགས་ལས་གྲུབ་པའི་མཚན་མ་རྫས་ཀྱི་ཕུར་པ་རུས་མུར། ཤ་ཟན། ཕུར་པ་ཁྲག་འཐུང༌། གུ་རུའི་མགུལ་ཕུར་དང༌། ཆོས་རྗེ་སྒང་པས་གཏེར་ནས་བཞེས་པའི་སྦུབ་ནག སྐྱེས་བུའི་སྲེག་བྱེད་མེ་འཁོར། ཨ་ཕྱིའི་ཚངས་དབྱངས། རྣམ་སྲས་འདོད་དགུ་ཆར་འབེབས། རྟ་བརྒྱ་ཉི་མ་འཁྱིལ་ཆེན། ཞེས་པ་ལ་སོགས་པ་རིན་ཐང་བྲལ་བའི་རྟེན་རྫས་གྲངས་ལས་འདས་པ་ཞིག་བཞུགས་ཡོད་ཚུལ་ནི། ཞིབ་པར་གཞན་དུ་གསལ་བས་འདིར་ངལ་བ་མ་བསྟེན་ཏོ།།

སྤྱི་ལོ་ ༡༩༥༩ ནས་གཙུག་ལག་ཁང་གཏོར་བཤིག་ཚབས་ཆེན་ཕོག་སྟེ་ས་ཕུང་ཞིག་ཏུ་གྱུར་ན་ཡང་སྤྱི་ལོ་ ༡༩༨༥ ལོར་འབྲོང་སྲས་སེང་གེ་དབང་ཕྱུག་དང་མཁན་རིན་པོ་ཆེ།  འབྲོང་མཛོད་དཀོན་མཆོག་རིན་ཆེན་བཅས་ཀྱིས་གཙོ་བོ་གནང་ཐོག་གྲྭ་རྒན་བཅུ་གྲངས་ཀྱིས་ཉམས་གསོའི་ལས་འགོ་བརྩམས་ཏེ་ད་ལྟ་ལེགས་པའི་ངང་ཚུལ་དུ་གྱུར་ཡོད་པ་བཅས་སོ།།

བཞི་པ། སྒྲིགས་སྲོལ་ལམ་ལུགས་ཀྱི་ཐད།

དཔལ་ལྡན་གྱ་པ་འབྲོང་ངུར་པ་ཆེན་པོའི་རྩ་བའི་གདན་ས་འདིར། གུ་ཤྲཱི་འབྲོང་ངུར་ཆོས་རྗེ་མཆོག་གིས་གཙོ་སྐྱོང་འོག་སྤྲུལ་སྐུ་ཀུན་བཟང་རང་གྲོལ། ཛམ་དམར་སྤྲུལ་སྐུ། འབྲོང་ངུར་སྲས་ཆུང༌། དྲུང་ཡིག་གཅིག བན་དཔོན། དབུ་མཛད་གཅིག དགེ་སྐོས་གཉིས་བཅས་དབུ་ཆོས་ལས་སྣེ་དགུ་ཡིས་དགོན་གྱི་ཅ་ལམ་སྒྲིགས་སྲོལ་ལག་བསྟར་གནང་གི་ཡོད་པ་སྤྱི་མཚུངས་ལྟར་རོ།།

ལྔ་པ། གྲྭ་རྒྱུན་ཡོང་ཁུངས།

ནགས་ཤོད་འགོམ་ཚོ་པ། ནག་ཆུ་རུ་གསར་རྙིང༌། རྫ་དམར་སྟོད་སྨད། ཀླུ་ཟོག་བཅས་ཀྱི་གཙོ་བོའི་ཐོག  གཞན་འབྲོང་ངུར་བའི་གྲྭ་རྒྱུན་གང་ནས་ཡོང་ནའང་ས་དཔོན་ཡུལ་འཛིན་སུས་ཀྱང༌། བཀག་འགོག་མི་ཆོག་པའི་ྋརྒྱལ་མཆོག་ལྔ་པ་ཆེན་པོས་གསོལ་བསྩལ་བཀའ་གཏན་ཤེ་བམ་དང༌། དེ་བཞིན་རྒྱལ་མཆོག་དྲུག་པའི་རྩ་ཚིག བདུན་པའི་རྒྱབ་སྣོན་བཅས་ཡོད་པ་རེད།།

དྲུག་པ། གོ་ཐོབ་ཇི་ཡོད་སྐོར།

སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་གུ་ཤྲཱི་འབྲོང་ངུར་ཆོས་རྗེ་ནི། བཀའ་བརྒྱུད་གསེར་ཕྲེང་དུའང་ཡོད་པ་དང༌། འབྲོང་ངུར་ཆོས་རྗེ་གངས་པ་ནས་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ད་ལྟར་བཞུགས་ཡོད་པའི་བར་སྐུ་ཕྲེང་བཅུ་དྲུག་ཕེབས་ཡོད། ཆོས་རྗེ་དང་པོ་མཚུར་ཕུའི་ཁྲིར་ཕེབས་ཤིང༌། སྐུ་ཕྲེང་བཞི་པར་གནམ་སྐོས་འཇམ་དབྱངས་གོང་མ་ཆེན་པོས་དབུའི་བླ་མར་བཀུར་ཅིང་གུ་ཤྲཱིའི་ཆོ་ལོ་ཤེལ་གྱི་ཐོ་ཤུ་ཅན་ཕུལ་བས་དེ་ཕྱིན་མཚན་དེ་ལྟར་ཐོགས་པ་དང༌།

དགུ་པ་དགེ་བའི་དབང་པོ་མཆོག་ལ། ཀུན་མཁྱེན་ལྔ་པ་ཆེན་པོའི་རང་རྣམ་ལས། མདོ་པ་ཆོས་རྗེ་དགེ་བའི་དབང་པོ་མཁས་བཙུན་བཟང་གསུམ་གང་གིས་ཀྱང་གྲལ་འགོར་འཐོན་པ་འདུག་ཅེས་བསྔགས་བརྗོད་གནང་བ་དང༌། གཟིགས་པ་ཆེ་ཞིང༌། བཀའ་གཏན་ཤེ་བམ་དང་ཐོབ་ཐང༌། རྩེ་པོ་ཏཱ་ལའི་རྟ་ལམ་ཐོག་ནས་ཆིབས་ཐོན་ཆོག་པ་དང༌། རྟ་མགོ་གསེར་ཏོག བསུ་སྣ་མདོ་དར། བྲན་སྐྱ་དར། རྨ་བྱའི་དབུ་གདུགས། ཁྲི་བེར་བཅས་བསྩལ་བ་ལྟར་དང༌། སྐུ་འཁོར་ཆེ་གྲས། ཡོངས་འཛིན། བླ་མཆན། མགྲོན་གཉེར། གཟིམ་འགག  དྲུང་ཡིག  མཛོད་པ་གཅིག་བཅས་ལ་ཡང་རྩེ་དྲུང་ལས་གོས་ཐོབ་ཐང་ཡང་ཡོད་པ་རེད།།

སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་འབྲོང་ངུར་པའི།། ལོ་རྒྱུས་རྒྱ་མཚོའི་ཀློང་ལས་ཆུ་ཐིགས་ཙམ།།

ཆ་ཙམ་བཀོད་པའི་འགྲོ་ཀུན་དགེ་བ་ཡིས།། ཡངས་པའི་རྒྱལ་ཁམས་ཀུན་ལ་དགེ་གྱུར་ཅིག། 

སླར་ཡང་སྐྱབས་རྗེ་མཆོག་གིས་གསུངས་པའི་ཚིག་འདིས་མཇུག་བསྡུས་སོ།།

དཔྱད་གཞི་ཡིག་ཆ། ནགས་ཤོད་ལོ་རྒྱུས། གུ་བཀྲའི་ཆོས་འབྱུང༌། ལྔ་པའི་རང་རྣམ། བཀའ་བརྒྱུད་གསེར་ཕྲེང༌། གདན་ས་ཆེན་པོ་ཝ་ཐང་བཀའ་བརྒྱུད་འཕེལ་རྒྱས་གླིང་གི་ལོ་རྒྱུས། མེ་མོའི་གནས་བཤད། ལྷོ་རོང་ཆོས་འབྱུང༌། བར་ཁམས་ཏེ་དཀར་སོག་གསུམ་གྱི་ལོ་རྒྱུས་བཅས་སོ།།

འབྲོང་ངུར་བསྟན་འཛིན་ལམ་བཟང་ངམ་སྐལ་བཟང་ཕྲིན་ལས་དང་འབྲོང་ངུར་ཕོ་ཉ་སོགས་དུ་མའི་མིང་ཅན་གྱིས་སྔ་འགྱུར་མཐོ་སློབ་ཏུ་སྒྲོ་སྐུར་དང་བྲལ་བར་སྤེལ།། །།