བདེན་པའི་བཞིན་རས། འཕྲུལ་དེབ།
འདིར་བསྣན་ན་༼བདེན་པའི་བཞིན་རས༽ཀྱི་འཕྲུལ་དེབ་ཕབ་ལེན་གནང་ཐུབ།
སྔོན་གླེང་།
བཅུ་དྲུག་འཇོ་སྒེག་ལང་ཚོ་ལུས་ལ་རྫོགས། །མཉེན་འཇམ་ཀུ་མུད་འཛུམ་པའི་ཞལ་སྒོ་ནས།།
རྒྱུད་མང་དཔལ་ལ་འགྲན་བཟོད་ངག་རིགས་ཀྱིས། །གཏན་དུ་ཤིས་པ་སྒྲུབས་ཤིག་མཚོ་བྱུང་མ།།
ཀ་༽
དེ་ལྟར་ཤིས་པའི་གཏམ་གྱིས་སྨྲ་བའི་སྒོ་མོ་ཡངས་པོར་ཕྱེ་སྟེ། ལུས་ཟུངས་བསྐྱེད་པའི་ཕ་མ་དང་། འདི་ཕྱིའི་ལམ་སྟོན་གནང་བའི་བཤེས་གཉེན། དུང་ཞེན་འོ་ཆུ་འདྲེས་པའི་མཆེད་གྲོགས་དང་སྤུན་ཟླ་རྣམས་ལ། ངས་ཐོག་མར་སྤྲོ་སེམས་རབ་ཏུ་འཁོལ་བའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།།
ཁ་༽
ཚང་མས་མཁྱེན་མངའ་ལྟར། ཉེར་གཅིག་དུས་ཀྱི་དགྱེས་ཞལ་ངོམ་མ་ཐག་མི་བུའི་བྱ་སྤྱོད་རང་གར་དུ་མི་གནས་ཤིང་། ཕལ་ཆེར་ཤོག་དངུལ་བྲན་གཡོག་ཏུ་གྱུར་ཟིན་པས་རང་དབང་དང་བག་ཕེབས་ནམ་མཁའི་མེ་ཏོག་ལྟར་གྱུར། ཚན་རྩལ་གྱི་ཞིང་ཁམས་ཉུལ་ཞིང་། རྟོག་སད་ཀྱིས་ས་གཞི་གང་བའི་སྐབས་འདིར། ང་དང་ང་འདྲ་བ། སྨུག་ཚལ་གྱི་ངུར་སྨྲིག་གྱོན་ཞིང་ཕྱི་མ་དོན་དུ་གཉེར་མཁན་རྣམས་རྗེས་ལུས་ཀྱི་འབྱུང་ཁུངས་དང་། རྨོངས་འཐོམ་གྱི་ཁྱུ་ཚོགས་སུ་བགྲངས། དེ་ལྟ་བས་ན་ཁོ་བོས་བརྩམས་པའི་༼བདེན་པའི་བཞིན་རས་༽ཞེས་པའི་དེབ་ཆུང་འདིར། རིན་ཐང་ག་ཚོད་ཡོད་དམ་ཞེས་པའི་དྲི་རྟགས་ཤིག་སེམས་ངོགས་སུ་འཆར། འོན་ཀྱང་རྗེ་དགེ་ཆོས་ཀྱིས་བྱིས་པ་ཞིག་གིས་ཡི་གེ་ཀ་ཀྱོག་པོ་ཞིག་བྲིས་ཀྱང་ཤེས་རབ་ཀྱི་ལག་རྗེས་ཡིན། ཞེས་པ་མ་གཞི་སྐད་ཆ་རྙིང་པ་ཡིན་མོད་གནས་ལུགས་གསལ་བའི་གཏན་ཚིགས་འདིས། སྤོབས་པའི་མགོ་བོ་གྱེན་དུ་བཏེག་འདུག་པས། སེམས་ཐག་གཙང་བཅད་ཀྱིས་དེབ་གཟུགས་སུ་བསྐྲུན་པ་ཡིན།
ཁོ་བོ་ལ་མཚོན་ན། གངས་རིའི་ཕ་སྐད་གཙང་མ་ལས་རིག་གསར་ལ་ལྟ་བའི་མིག་ཟུང་མ་ཐོབ་མོད། དུང་ཞེན་གྱི་ཚོར་འདུ་ཟབ་མོའི་རྣམ་ཤེས་ཀྱིས་བསིལ་ལྗོངས་སུ་འཁྱུད་པའི་རྨོངས་རྒན་ངས། ཅི་ཞིག་བྱེད་འདོད་པ་དང་། གང་ཞིག་སྒྲུབ་ཕོད་པ་ནི། ཡབ་མེས་ཁྲི་སྟོང་མང་པོས་ཤུལ་ལམ་ལྔ་རིག་གི་དགའ་ཚལ་གཅེས་སྐྱོང་བྱ་བར་འདོད། འོན་ཀྱང་དེ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེ་ནི་ངའི་རྨི་ལམ་ཙམ་དུ་ཟད། ཕྱོགས་གཞན་ཞིག་ཏུ་བསམ་ན། ལས་སྨོན་གྱི་མཐུས་གྲུབ་ཅིང་། ལྔ་རིག་གི་ཁོ་ལག་རྫོགས་པའི་བོད་བུ་རྣལ་མ་སྐོར་ཞིག་གིས། མེས་པོའི་ལམ་ཆེན་འཛམ་གླིང་དུ་བསྒྱུར་སྟབས། སྔོན་ཐོན་གྱི་མི་རིགས་དུ་མས། བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས་ཤིང་རྗེས་སུ་བསྙེགས། འདི་ནི་ཅི་འདྲའི་འོད་སྟོང་ལྡན་པ་ཞིག་མ་རེད་དམ། དེའི་དབང་གིས་བོད་ཀྱི་རིག་གནས་ལ་དཔྱད་བརྗོད་དང་། ཞིབ་འཇུག་མི་སྣ་ཕྱོགས་གང་སར་ཁྱབ་ཡོད་ཅིང་འབྲོང་ངུར་ལོ་རྒྱུས་ནི། བོད་ཀྱི་ལོ་རྒྱུས་སྐྱེད་ཚལ་གྱི་ནང་ཡིད་འཕྲོག་པའི་མེ་ཏོག་ཆུང་ཆུང་ཞིག་སོང་བས། ཁོ་བོས་༼བདེན་པའི་བཞིན་རས་༽ཞེས་པ་འདིས་དེ་དག་ལ་ལེགས་སྐྱེས་སུ་འབུལ་བ་ཡིན་པར་རློམ། འོན་ཀྱང་དཔྱད་གཞིའི་ཡིག་རིགས་དགོས་ངེས་ལག་ཏུ་མ་འབྱོར་བ་དང་། རང་ཉིད་བློ་གྲོས་ཞན་པས་འགལ་འཛོལ་ཅི་རིགས་ཡོད་ངེས་ཀྱང་། མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་འགྲོ་བའི་རེ་སྨོན་བཅངས། དེ་ལྟ་བས་ན་མི་རིགས་ལ་དུང་ཞིང་རིག་གཞུང་ལ་མཁྱེན་རྒྱ་ཟབ་པའི་དྲན་དབང་དག་གིས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཡོང་རྒྱུའི་རེ་བ་ཤུགས་ཆེར་འཕེལ།
ངས་འདི་ལྟར་འབྲི་དགོས་དོན་གོང་དུ་བརྗོད་པ་ལྟར། རང་ཉིད་ཀྱི་མིག་ལམ་དུ་རྒྱལ་བསྟན་ནམ། རིག་གཞུང་ཞིག་འཆི་ལམ་དུ་འགྲོ་བཞིན་པ་མ་བཟོད་པ་ལས། རང་ཉིད་གྲགས་འདོད་དང་གཞན་ལ་ཅོ་འདྲི་བྱ་འདོད་ཕྱིར་གཏན་ནས་མིན། དཔེར་ན་འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་ལྟ་བུར་མཚོན་ན། མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པ་དང་། སྔོན་ཆད་དར་རྒྱས་ཆེ་ཡང་དེང་སྐབས་ཤིན་ཏུ་ཉག་ཕྲར་གྱུར། རང་ཕྱོགས་ཚོས་ཁ་ནས་ཕ་ཆོས་༼ཞི་ཁྲོ་ཕུར་གསུམ་༽ ཟེར་མོད། དོན་དུ་འབྲོང་ངུར་ཆོས་རྗེ་དགུ་པས། སྙིགས་དུས་ཀྱི་སྐྱེ་བོ་རྣམས་བློ་གྲོས་ཀྱི་མཐུ་ཞན་ཞིང་བསྙེན་སྒྲུབ་ལས་གསུམ་གྱི་གདེང་འཁེལ་བ་མི་འདུག་གསུངས་པ་ལྟར་དུ་སོང་། ཁོ་བོས་མྱུར་སྐྱོབ་དང་ཤུལ་འཛིན་ཡོང་བར་འབོད་སྐུལ་ཞུ་བར་རིགས་མཐུན་ཚོའི་ཐུགས་ལ་མངའ་བར་འཚལ། མ་འོངས་པའི་ཚ་བརྒྱུད་ཚོར། ལེགས་སྐྱེས་ཅི་ཞིག་སྤྲད་དགོས་མིན་ཁྱེད་ཀྱིས་ད་ལྟ་ནས་བསམ་དགོས། འདི་ནི་མི་བུ་ཞིག་ལ་འཁྲི་བའི་ལས་འགན་ཡིན།
ག་༽
གོང་དུ་ཁོ་བོས་རང་ཉིད་ཀྱི་མིག་ལམ་དུ་རིག་གཞུང་ཞིག་འཆི་ལམ་དུ་འགྲོ་བཞིན་པ་་་་་་ཞེས་པ་དེ་རབ་བཏགས་དང་འུད་ཀྱི་སྒོ་ནས་སྨྲས་པ་གཏན་ནས་མིན། རང་ཉིད་ཀྱི་སྐད་ ཆར་འགན་ཁུར་མེད་པར་ག་ལ་སྨྲ་སྤོབས། གཅིག་ནི། རང་ལུགས་སྨིན་གྲོལ་རྒྱུན་ཧ་ཅང་དཀོན་པ་དང་། གསར་བུ་ཚོར་གལ་ཆེན་ཡིན་པར་བརྗོད་མཁན་དེ་བས་ཀྱང་མེད།
གཉིས། རང་ཕྱོགས་ཚོར་གསར་འདོད་ཆེ་བ་དང་གཞན་ཟེར་ཚད་མར་འཛིན་པ། གསུམ། དཔེ་རྒྱུན་ཚད་ལྡན་དཀོན་ཅིང་། འཕྲུལ་དཔར་བཏབ་པ་འགའ་ཡོད་ཀྱང་གང་བྱུང་ལྷད་མང་བར་རྒན་པ་ཚོས་དོ་སྣང་མི་བྱེད་པ། བཞི། གྲོང་ཆོག་འགྲོ་བྱེད་ཉེར་མཁོ་ཙམ་ལས་ཟབ་ཁྲིད་དང་སྒྲུབ་པར་སྙིང་པོ་མི་བྱེད་པ་སོགས་ཀྱིས་༼འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་༽ མིང་ཙམ་དུ་འགྲོ་བའི་སྔ་ལྟས་ངན་པ་ཡིན་གཤིས། རྒྱུ་མཚན་ཡོད་མིན་ཁྱེད་ཚོས་ཁ་ནང་དུ་ཕྱོགས་ཏེ་ཐུགས་བསམ་ཞིག་ཐོངས་དང་།
ང་༽
འདྲ་མཉམ་དང་ཐོབ་ཐང་ཞེས་པ། དུས་རབས་འདིའི་ཁྱད་འཕགས་ཡོན་ཏན་ཞིག་འདོད། དེ་འདྲའི་ཁོར་ཡུག་བཟང་པོའི་འོག་ནས་ང་ཚོས་འདྲ་མཉམ་དང་ཐོབ་ཐང་རྩོད་རྒྱུའི་གོ་སྐབས་རག་ཡོད། དེ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་གནད་དོན་ཙམ་མ་ཡིན་པར་ཆོས་ལུགས་ཕན་ཚུན་ནམ། དགོན་སྡེ་ཆེ་ཆུང་གི་གནད་དོན་ཡང་དེར་ཚུད་ཡོད། ཡང་འཆམ་མཐུན་དང་བརྩེ་བ་མེད་ན་སྤྱི་ཚོགས་གནོད་བྱེད་དུ་མི་འགྲོ་བའི་ངེས་པའང་མེད། ངས་འདིར་བཤད་འདོད་པ་ནི་གཤམ་གསལ་ལྟར་ལས་གནད་དོན་གཞན་པ་གང་ཡང་མེད། ངེད་ཅག་འབྲོང་ངུར་རྣམ་ཚང་གི་རྩ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་ཁྱད་ཆོས་དུ་མ་ཡོད་པ་འདི་ལྟར་ཡང་། འབྲི་གུང་བཀའ་བརྒྱུད་ཀྱི་སྒྲོམ་གཞིར་གནས་པས་འདི་ལྟར་ཉམས་ཆག་སོང་བར། འབྲེལ་ཡོད་ཆེ་གཉེན་རྣམས་ལ་འགན་ཡོད་པ་ངེས་པར་མཁྱེན་དགོས། སུ་ཡིན་རུང་ལོ་རྒྱུས་དང་མཐུན་པའི་བདག་སྤྲོད་གནང་ན་འཆམ་མཐུན་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འཁུམས། དེ་ནི་མི་སྨོན་རང་སྐྱིད་ཀྱི་གནད་དོན་ཞིག་ཡིན་པས་ཚང་མས་འགན་ཁུར་དགོས།
འདི་ལྟར་བརྗོད་པ་ནི། ཆུ་མ་བྱུང་གོང་ནས་རགས། རྐྱེན་མ་བྱུང་གོང་དུ་རིམ་གྲོ། ཟེར་བ་ལྟར་མ་འོངས་འདི་རིགས་སྔོན་འགོག་ཕྱིར་དུ་སྨྲས་པ་འགལ་བ་ཅི་ཡོད་སྙམ། ཁ་ཅིག་ནས་ཅི་ཞིག་བསམ་གྱིན་ཡོད་མིན་མི་ཤེས་མོད། འགན་ཁུར་གང་ཡང་མེད་པའི་འཁྱོག་བརྗོད་ཀྱི་༼འབྲོང་ངུར་༽ལོ་རྒྱུས་བཅོས་པ་མཐོང་ཐོས་བྱུང་། དེ་ནི་གདུག་རྩུབ་ཆེ་བའི་རང་བཞིན་དུ་མངོན།
ཁ་ཅིག་ནས་འདི་ཉིད་ཉམས་ལེན་མཛད་ན། འབྲི་གུང་བཀའ་བརྒྱུད་ཀྱི་གཤེད་མ་ཡིན་པར་སྨྲས་རབས་ཀྱང་འདུག ཅི་ལྟར་ཟེར་ཡང་ཆོག འདི་ཉིད་འཛིན་སྐྱོང་བྱེད་པར་ང་ཚོར་རང་དབང་དང་ཐོབ་ཐང་ཡོད། ཕ་རྗེས་བུ་འཇུག་ཡ་རབས་སྲོལ་ཡིན་གཤིས། ངོ་ཚ་དང་སུ་ལའང་སྐྲག་མི་དགོས་པ་ཚང་མས་བརྗེད་མི་ཉན། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་ཕྱིན་ཆད་ནས་ད་བར་མི་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པས། ཕ་མེས་ཀྱིས་བཅོལ་བའི་ནོར་བུ་ང་ཚོའི་ལག་ནས་ས་ལ་ཤོར་ན་རྗེས་རབས་ཚོར་ཅི་ཞིག་འགྲེལ་བརྗོད་བྱེད། འདི་ནི་ང་ཚོས་འགན་ཁུར་དགོས། དཀའ་སྡུག་ལ་གདོང་ལེན་བྱས་ན་འོད་སྟོང་ལྡན་པའི་མདུན་ལམ་ཐག་མི་རིང་། དེ་ནི་ངེས་པར་ཤེས་དགོས། གཞན་ལ་མེད་པའི་ཁྱད་ནོར་ཞིག་ཡོད་པ་ཕལ་ཆེར་ཤེས་མེད་ཚོད། དེ་ནི་༼འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་༽རེད། རྟག་ཏུ་དྲན་དགོས།
འབྲོང་ངུར་བསྟན་འཛིན་ལམ་བཟང་གིས། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༩ ཚེས་ ༠༣ ལ།
བསམ་ཚུལ་ཕྲིས།