སྣང་བ་ལྷར་སྒྲུབ་ཚུལ་ལ་དཔྱད་པ་རྟོག་གེས་མ་བསླད་པའི་རིག་འཛིན་གོང་མའི་ཞལ་བཅུད་དྲོན་མོ།

༄༅།    །སྣང་བ་ལྷར་སྒྲུབ་ཚུལ་ལ་དཔྱད་པ་རྟོག་གེས་མ་བསླད་པའི་རིག་འཛིན་གོང་མའི་ཞལ་བཅུད་དྲོན་མོ།

 

སྣང་བ་ལྷར་སྒྲུབ་ཞེས་པའི་སྣང་བ་དང་།།

སྣང་བ་ལྷར་སྒྲུབ་ཞེས་པའི་ལྷ་དེ་ཉིད།།

གང་ལ་ངོས་འཛིན་རྒྱུད་གཞུང་དཀའ་བའི་གནད།།

ཅུང་ཟད་དཔྱད་ལ་རྩ་གསུམ་གནང་བ་སྩོལ།།

 

མཐུན་པར་སྣང་བའི་ཀ་བ་བུམ་པ་སོགས།།

སྣང་ཡུལ་རང་མཚན་འདི་ཀ་ཡིན་པ་འམ།།

འདི་ཀ་མ་ཡིན་འདི་ཡི་རང་བཞིན་ཞིག།

དག་པ་ལྷ་རུ་སྒྲུབ་ཅེས་ཁ་ཅིག་རྩོད།།

ཡང་ན་དེ་གཉིས་ཀྱིས་ནི་དབྱེར་མ་ཕྱེ།།

མདུན་དུ་སྣང་བའི་གོང་བུ་ཉིད་གཟུང་ངམ།།

གཞན་དུ་སྣང་དང་སྣང་ཡུལ་སྡེས་ཕྱེས་པའི།།

སྣང་བ་དེ་ཉིད་ལྷ་རུ་སྒྲུབ་བམ་ཅི།།

 

ཁ་ཅིག་བུམ་པ་འདི་ཀ་ལྷ་མིན་པར།།

བུམ་པའི་རང་བཞིན་ལྷར་སྒྲུབ་མཛད་དོ་ལོ།།

ཁ་ཅིག་རང་བཞིན་ཁྱད་པར་མ་སྦྱར་བར།།

བུམ་པ་འདི་ཀ་ལྷ་ཞེས་རྒྱུད་དོན་འཆད།།

 

རང་རང་ཁས་བླངས་གཤིས་སུ་བསྒྲུབ་པའི་ཕྱིར།།

གཉིས་ཀས་ལུང་རིགས་རྒྱབ་དཔུང་སྟུག་པོར་བཅས།།

འཆད་རྩོད་དུས་ན་སྨྲ་ལྕེ་ཡང་མོད་ཀྱང་།།

གཉིས་ཀའི་ཕྱོགས་ལ་ཐལ་བ་ལྕི་མོ་མང་།།

 

རིགས་པའི་ལམ་ནས་དམ་བཅའ་འདུག་པའི་ཚེ།།

ཁ་འགོག་ཚིག་གི་དམ་བཅའ་སྔ་མ་བདེ།།

འོན་ཀྱང་གཏིང་ཟབ་བསམ་པ་བྱེད་པའི་ཚེ།།

ཚིག་འཕྲི་ཙམ་ལས་གོ་རྒྱུ་ཅང་མ་མཆིས།།

 

རྒྱུད་གཞུང་སྔ་ཕྱིའི་དངོས་ཤུགས་དཔྱོད་པའི་ཚེ།།

ཚིག་དོན་འགྲེལ་ལ་ཕྱི་མ་ཤིན་ཏུ་བདེ།།

འོན་ཀྱང་རིགས་ལམ་རྣོན་པོའི་སོ་ཁ་ན།།

རྒྱུད་གཞུང་ཇི་བཞིན་འཛིན་ལ་དཀའ་བའི་གནས།།

 

དག་པ་ལྷར་སྒྲུབ་གསང་སྔགས་ཆོས་ཅན་ལྟ།།

ཟབ་པའི་ཡང་ཟབ་བསམ་གྱིས་མི་ཁྱབ་པ།།

རྟོག་གེའི་རིགས་ལམ་ཚུར་མཐོང་མིག་ཅན་ལ།།

ཚེར་མར་གྱུར་ཀྱང་བདག་ནི་འདི་ལྟར་སྨྲ།།

 

མེ་དང་མེ་ཡི་རང་བཞིན་གཉིས་པོ་ལ།།

རྗོད་ཚུལ་ཙམ་ལས་ཁྱད་པར་ཅང་མ་མཐོང་།།

མེ་དང་ཚ་ཞིང་སྲེག་པ་གཉིས་པོ་ལ།།

རྣམ་གཅོད་རྣམ་གསུམ་གྲུབ་པ་མ་ཡིན་ནམ།།

 

མེ་ཡི་རང་བཞིན་མི་རྟག་ཡིན་པའི་ཕྱིར།།

མེ་ཉིད་མི་རྟག་ཉིད་དུ་གྲུབ་མིན་ནམ།།

མེ་ཡི་རང་བཞིན་སྤངས་པའི་ཕ་རོལ་ན།།

མེ་ཞིག་རྙེད་པར་གྱུར་པ་ཅང་སྲིད་དམ།།

 

སྤྱིར་ན་མེ་ལ་དོན་དང་ཐ་སྙད་ཀྱི།།

རང་བཞིན་གཉིས་སུ་གཞག་ཏུ་ཡོད་པ་ལས།།

མེ་ཉིད་ལྷ་མིན་རང་བཞིན་ལྷ་ཞེས་པའི།།

རང་བཞིན་དེ་ནི་དེ་གཉིས་གང་ལ་གཟུང་།།

 

ཐ་སྙད་ལྟར་ན་མེ་ཉིད་ལྷར་གྲུབ་ལ།།

དོན་དམ་ལྟར་ན་མདོ་དང་ཁྱད་པར་ཅི།།

མདོ་ལས་སྟོང་ཉིད་སྔགས་ལས་དག་པ་ལྷ།།

རྗོད་ཚུལ་ཙམ་ལས་མིང་གི་རྣམ་གྲངས་གྱུར།།

 

དེ་ལྟ་ན་ནི་སྣང་བ་ལྷར་སྒྲུབ་པའི།།

ལྷ་དེ་ཉིད་ནི་ཆོས་ཉིད་དོན་གྱི་ལྷར།།

གོ་ཡི་མཚན་མ་རྟགས་ཀྱི་ལྷར་མིན་པས།།

སྣང་བ་ལྷར་སྒྲུབ་ཆེན་མོས་དགོས་པ་ཅི།།

 

སྣང་བ་འདི་ཀ་དག་པ་ལྷར་གྲུབ་ན།།

འཁྲུལ་དང་མ་འཁྲུལ་གཞི་མཐུན་འགྱུར་བ་དང་།།

ཀུན་ནས་ཉོན་མོངས་འཁོར་བའང་མེད་འགྱུར་ཞེས།།

ཁ་ཅིག་ཐལ་བ་འཕེན་པའང་སྤྱིར་བཏང་ཞིག།

 

རོང་ཟོམ་ཆེན་པོས་སྣང་བ་ལྷར་སྒྲུབ་ནང་།།

ཐལ་བ་དེ་དག་དང་པོ་ཉིད་བཀོད་ནས།།

ཟབ་མོའི་དཔེ་དང་རྒྱ་ཆེའི་རིགས་པ་བཞིས།།

སྣང་བ་ལྷར་སྒྲུབ་མཛད་པ་ཤིན་ཏུ་ཟབ།།

 

རྟོག་གེའི་ཚུལ་གསུམ་རིགས་པའི་ལམ་ཉིད་ནས།།

སྣང་བ་ལྷར་སྒྲུབ་སྲིད་མཐའ་མ་བཀག་ཙམ།།

དེའི་ཕྱིར་རྒྱུད་གཞུང་རྟོག་བློས་མ་བསླད་པར།།

ཡི་དྭགས་གཉིས་པོའི་དཔེ་དེར་བསམས་ན་ལེགས།།

 

དེ་ཀ་དང་ནི་རང་བཞིན་ལྷར་སྒྲུབ་ཚུལ།།

དབུ་མ་ཐལ་རང་ལྟ་བའི་བཞེད་སྲོལ་དང་།།

ཧ་ཅང་མཚུངས་ཕྱིར་ཚིག་གི་འཛིན་མཚམས་ལ།།

སྔ་མ་བཙན་ཀྱང་ཕྱི་མ་ཟབ་ཁྱད་ཆེ།།

 

རང་ཅག་མི་ལ་མཐུན་པར་སྣང་བ་ཡི།།

གནས་ལུས་ལོངས་སྤྱོད་འདི་ཀ་ལྷར་སྒྲུབ་པ།།

ཡི་དྭགས་གཉིས་ལ་རྣག་ཆུ་སྣང་བའི་གཞིར།།

གཤེར་བར་གཅིག་པའི་ཀླུང་ཉིད་འཛིན་པར་གསུངས།།

 

ཆོས་དང་ཆོས་མིན་ཕྱི་ནང་གྲུབ་མཐའ་ཀུན།།

འཛིན་མཚམས་མི་འདྲ་བཤད་ལུགས་སྣ་ཚོགས་ཀྱང་།།

མཐུན་སྣང་འདི་ཡི་ཡིན་ལུགས་དཔྱད་པ་ལ།།

ཞུགས་ནས་རང་རང་གྲུབ་མཐའ་བཅའ་བ་གཅིག།

 

སྣང་ཚུལ་དུ་མིན་གནས་ཚུལ་དུ་འོ་ཞེས།།

མི་ཕམ་བླ་མའི་འཛིན་མཚམས་རྨད་དུ་བྱུང་།།

སྤྱིར་ན་ཟབ་རྒྱས་གཞུང་ལུགས་འགག་ཀུན་ལ།།

གནས་སྣང་འབྱེད་པ་གང་གི་རྡོ་རྗེའི་གསུང་།།

 

གནས་ཚུལ་དུ་ནི་དག་པར་གསུངས་ཕྱིར་ན།།

ཀ་བུམ་རང་བཞིན་དག་གི་ཀ་བུམ་ཉིད།།

དག་པ་མིན་ཞེས་རྟོག་གེར་གོམས་ཁ་ཅིག།

ཀུན་མཁྱེན་མི་ཕམ་དགོངས་དོན་རྟོགས་སོ་ལོ།།

 

དག་པའི་མིག་ལ་དུང་དཀར་སྣང་བ་དང་།།

མཁྲིས་ནད་ཅན་ལ་དུང་སེར་སྣང་བ་གཉིས།།

དང་པོ་གནས་ཚུལ་ཕྱི་མ་སྣང་ཚུལ་ཞེས།།

མཁས་བླུན་སུས་ཀྱང་རྟོགས་སླ་མ་ཡིན་ནམ།།

 

དུང་གི་གནས་ཚུལ་དཀར་པོ་ཉིད་ཀྱིས་ཕྱིར།།

དུང་ཉིད་དཀར་པོ་ཡིན་ཞེས་བརྗོད་མིན་ནམ།།

མཁྲིས་ནད་ཅན་ལ་སེར་པོར་སྣང་ན་ཡང་།།

དུང་ཉིད་དཀར་པོ་མིན་ཞེས་སུ་ཞིག་སྨྲ།།

 

སྣང་ཚུལ་སེར་པོ་ཉིད་དུ་སྣང་གྱུར་ཀྱང་།།

གནས་ཚུལ་དཀར་པོ་ཉིད་དུ་གནས་པའི་ཕྱིར།།

དུང་དཀར་འཛིན་པ་ཡང་དག་ཚད་མ་དང་།།

དུང་སེར་འཛིན་པ་ལོག་ཤེས་ཉིད་དུ་བཞག།

 

མཁྲིས་ནད་མིག་ཅན་བརྒྱ་སྟོང་ཁྲི་འབུམ་ལ།།

མཐུན་པར་དུང་སེར་ཉིད་དུ་སྣང་བརྟེན་ནས།།

དུང་ཉིད་དཀར་པོ་ཡིན་ཞེས་སྨྲ་བ་ལ།།

མགྲིན་པའི་སྒོ་མོ་དོག་རྣམས་སྙིང་རེ་རྗེ།།

 

དང་པོའི་ལས་ཅན་འཇུག་སྒོ་ཡངས་པའི་སླད།།

གནས་ཚུལ་སྣང་ཚུལ་ཁྱད་པར་རྣམ་ཕྱེས་ཀྱང་།།

ཐད་ཀར་ཡིན་མིན་ལན་ཞིག་རྗོད་དགོས་ཚེ།།

གནས་ཚུལ་གང་ཡིན་བརྟགས་པ་མཁས་པའི་ཚུལ།།

 

དེའི་ཕྱིར་མཐུན་པར་སྣང་བའི་དངོས་འདི་དག།

དག་པ་ཡིན་མིན་ཐད་ཀར་ལན་འདེབས་ཚེ།།

སྣང་དངོས་འདི་ཀ་དག་པ་ཉིད་ཡིན་ཞེས།།

ཡིན་མིན་ཚིག་ཐག་གཅད་ལ་གནོད་བྱེད་ཅི།།

 

སེང་འབག་གྱོན་ནས་སེང་གེ་འཆམ་པ་དང་།།

གཡག་འབག་གྱོན་ནས་གཡག་གི་འཁྲབ་སྟོན་སོགས།།

སྣང་ཚུལ་སེང་གཡག་ལུས་སུ་སྣང་ན་ཡང་།།

མི་ཉིད་ཡིན་ཞེས་བརྗོད་ལ་སུ་ཞིག་ཐོགས།།

 

དང་པོའི་མིག་ཅན་ཆ་རྒྱུས་མེད་པའི་ངོར།།

གནས་ཚུལ་སྣང་ཚུལ་འགྲེལ་བརྗོད་བརྒྱུད་དགོས་ཀྱང་།།

སེང་འབག་བཤུས་ནས་འདི་ནི་མི་འོ་ཞེས།།

དཔྱོད་ལྡན་རྣམས་ལ་མཛུབ་བཙུགས་དགོས་མ་ལགས།།

 

སེང་གཡག་འདྲ་འབག་བཤུས་རུང་མ་བཤུས་རུང་།།

སེང་གཡག་སྣང་ཉིད་མི་ཉིད་ཡིན་པ་ལ།།

ཡིན་པ་ལྟར་དུ་རྟོགས་པར་དཀའ་སླ་ཡི།།

ཁྱད་པར་ཙམ་ལས་དོན་ལ་ཁྱད་མ་མཐོང་།།

 

དེའི་ཕྱིར་འཁྲུལ་པ་བསལ་ནས་མ་འཁྲུལ་ཞིག།།

གྲུབ་ཏུ་མེད་པར་འཁྲུལ་སྣང་འདི་ཀ་རང་།།

དག་པར་གནས་ཞེས་རོང་ཟོམ་ཆེན་པོའི་གསུང།།

ཟབ་ཅིང་བརླིང་བའི་ཁྱད་འཕགས་རང་བཞིན་མཐོང་།།

 

ཀུན་མཁྱེན་མི་ཕམ་གནས་སྣང་ཕྱེ་བ་དང་།།

ཀུན་མཁྱེན་རོང་ཟོམ་ཐད་ཀར་ལྷར་སྒྲུབ་གཉིས།།

རིམ་དང་གཅིག་ཆར་གདུལ་བྱའི་ཁྱད་པར་ལས།།

མཐུན་སྣང་འདི་ཀ་དག་པར་བཞེད་ལ་གཅིག།

 

རྒྱུད་སྡེ་དག་ལས་རང་བཞིན་སྒྲའི་ཁྱད་པར།།

སྔ་ཕྱི་སྦྱར་དང་མ་སྦྱར་སྣ་ཚོགས་ཤིག།

གསུངས་པ་ཐམས་ཅད་གནད་གཅིག་ཉིད་གོ་བ།།

བླ་མེད་ལུགས་ལ་གཞུང་དོན་གལ་ཆེན་ཞིག།

 

སྐབས་འགར་ཕུང་ལྔའི་རང་བཞིན་རྒྱལ་བ་ལྔ།།

སྐབས་འགར་ཕུང་ལྔ་རིགས་ལྔའི་རང་བཞིན་ནོ།།

སྐབས་འགར་ཕུང་ལྔ་འདི་ཀ་རྒྱལ་ཡབ་ལྔ།།

གསུངས་པ་ཐམས་ཅད་གསུང་ཚུལ་མི་འདྲ་ཙམ།།

 

སྣང་བ་ཐམས་ཅད་ལྷ་རུ་སྒྲུབ་པའི་ལྷ།།

གང་ཡིན་དོང་རིང་འབྲུ་ལྟར་ཕུགས་འདེད་སྐབས།།

སྐྱེ་མེད་དོན་ལ་ཡང་ཡང་ཐུག་པས་ན།།

ཐ་སྙད་རྫིག་རྫིག་དོན་གྱིས་སྟོངས་ན་ཕངས།།

 

གཟུགས་ཕུང་རྣམ་སྣང་ཚོར་བ་རིན་ཆེན་འབྱུང་།།

ལ་སོགས་དག་པ་ལྷ་རུ་གསུངས་པ་གང་།།

གསང་སྔགས་བླ་མེད་ཆོས་ཅན་ལྟ་བའི་ཡུལ།།

གཏན་འབེབས་སྐབས་ཕྱིར་རྟགས་ཀྱི་ལྷ་རུ་གོ།

 

ཁ་ཅིག་ལྷ་སྐུའི་བསྐྱེད་རིམ་སྒོམ་ལ་སོགས།།

གསང་སྔགས་གཞུང་ལས་གསུངས་པའི་ཐབས་སྣ་ཚོགས།།

མ་དག་སྣང་ཞེན་ཟློག་པའི་གཉེན་པོ་ལས།།

ཡིན་པ་ལ་ནི་ཡིན་པ་སྒོམ་མིན་ཟེར།།

 

འོན་ཀྱང་སྔ་འགྱུར་ཀུན་མཁྱེན་ཡབ་སྲས་བཅས།།

སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུ་རུ།།

ཡིན་པ་ལ་ནི་ཡིན་པར་ངེས་པའི་ངང་།།

ཡེ་གནས་ལྟ་བ་རྩལ་དུ་བཏོན་ནས་གསུངས།།

 

ལྟ་བ་མིག་དང་འདྲ་བས་བལྟས་མཐོང་རྗེས།།

སྒོམ་པ་རྐང་པ་འདྲ་བ་གཟོད་སྤོ་བར།།

ཀུན་མཁྱེན་རྣམ་བཞི་མགྲིན་དབྱངས་ཚུལ་གཅིག་ཏུ།།

ལྟ་བས་ཐག་བཅད་སྒོམ་པས་ཉམས་ལེན་བཞེད།།

 

མདོ་ལས་མི་སྡུག་ཟད་པར་ཏིང་ངེ་འཛིན།།

ས་གཞི་ཐམས་ཅད་ཀེང་རུས་སྒོམ་སྣང་སོགས།།

སྔགས་ལས་བསྐྱེད་རིམ་དག་ཞིང་སྐུར་སྣང་དང་།།

མཚུངས་སོ་སྨྲ་ལ་དོན་མཐུན་ལན་ཞིག་རྙེད།།

 

གནས་ལུགས་ཡོད་ཚད་ཚུལ་གསུམ་རིགས་ལམ་གྱིས།།

ཁོ་ཐག་ཆོད་སྙམ་ལྟ་ཚུལ་ངོ་མཚར་ཅན།།

རྒྱ་ཆེའི་མདོ་དང་ཟབ་མོའི་སྔགས་གཞུང་དོན།།

བསྐལ་པར་རྟོགས་དུས་མེད་པའང་ཆོས་ཉིད་ཅིག།

 

ཚུལ་གསུམ་རྟོག་གེའི་རིགས་ལམ་ཉི་ཚེ་དེས།།

དབུ་མ་ཙམ་ཡང་གཏན་ལ་མི་ཕེབས་ན།།

ཐེག་དགུའི་ཡང་རྩེའི་ཟབ་གསང་འབིགས་འདོད་པ།།

བྱིས་པའི་ནང་ནས་ཡང་བྱིས་ངང་ཚུལ་ཙམ།།

 

དབུ་མ་པ་ལ་རང་རྒྱུད་མི་རུང་ཞེས།།

དཔལ་ལྡན་ཟླ་བས་ནན་གྱིས་གསུངས་ལགས་ན།།

གསང་སྔགས་པ་ལ་རང་རྒྱུད་མི་རུང་བ།།

བློ་དང་ལྡན་ན་ཆེད་དུ་སྨོས་ཅི་དགོས།།

 

སྣང་བ་ལྷར་སྒོམ་ཆོས་ཅན་ལྟ་བ་འདི།།

མདོ་སྔགས་ལྟ་བའི་ཐུན་མིན་འབྱེད་པའི་ཆོས།།

དོན་འདིའི་ཟབ་གནད་ཁོང་དུ་མ་ཆུབ་ན།།

གསང་སྔགས་བླ་མེད་མདོ་དང་ཁྱད་ཅི་ཞིག།།

 

རྟོག་གེས་མ་བསླད་རིག་འཛིན་གོང་མའི་ཞལ།།

ཚད་ཅན་ཚུལ་གསུམ་རིགས་པས་མ་བཀག་པར།།

ཉིང་བཅུད་དྲོན་མོ་རྒྱུད་དོན་ཇི་བཞིན་དུ།།

ཅུང་ཟད་གླེང་འདིས་ཀུན་ལ་སྨན་གྱུར་ཅིག།

 

 

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་ལོ་རིམ་བདུན་པ་དང་བརྒྱད་པ་བཅས་ལོ་ངོ་ཧྲིལ་པོ་གཉིས་ཀྱི་རིང་གསང་སྔགས་ཟབ་མོའི་གཞུང་ལུགས་ལ་ཐོས་བསམ་དང་། ཁྱད་པར་ ༢༠༡༢ ལོར་ལོ་རིམ་བརྒྱད་པའི་སློབ་ཚན་ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏའི་སྣང་བ་ལྷར་སྒྲུབ་ཆེན་མོར་སློབ་སྦྱོང་གི་སྐལ་བཟང་མངོན་དུ་གྱུར་བའི་ལེགས་བཤད་རྨད་དུ་བྱུང་བ་དེས་ཡིད་དབང་མེད་དུ་ཕྲོགས་པའི་རྒྱུ་བྱས། སྣང་བ་ལྷར་སྒྲུབ་ཚུལ་ཐོག་མཆེད་གྲོགས་འགའ་ཞིག་དང་ལྟ་ཚུལ་མ་མཐུན་པའི་རྐྱེན་བྱས་ཏེ། སྣང་བ་ལྷར་སྒྲུབ་ཚུལ་ལ་དཔྱད་པ་རྟོག་གེས་མ་བསླད་པའི་རིག་འཛིན་གོང་མའི་ཞལ་བཅུད་དྲོན་མོ་ཞེས་བྱ་བ་འདི་ཉིད་འབྲི་འདུན་ཆེར་བརྟས་པས། འབྲོང་ངུར་ཆོས་རྗེ་རུ་འབོད་པས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་དབུ་བཙུགས། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་གྱི་ཉེ་འདབས་ཀུ་སུམ་མགྲོན་ཁང་དུ། སྤྱི་ལོ་ ༢༠༡༣ ཟླ་ ༠༡ ཚེས་ ༠༢ ཉིན་མཇུག་གྲུབ་པར་བགྱིས་པས་འགྲོ་ཀུན་གནས་ལུགས་ཟབ་མོ་མཐོང་བའི་མིག་ཅན་དུ་གྱུར་ཅིག དགེའོ།། དགེའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *