ནགས་སྟོད་མེ་མོ་བྲག་དཀར་གྱི་གནས་ཡིག་འགྲོ་བ་འདྲེན་པའི་ཤིང་རྟ།

༄༅། །ནགས་སྟོད་མེ་མོ་བྲག་དཀར་གྱི་གནས་ཡིག་འགྲོ་བ་འདྲེན་པའི་ཤིང་རྟ།

 

ཕུལ་བྱུང་ཚོགས་གཉིས་ལེགས་པར་བསྐྲུན་པའི་མཛེས་སྐུ་ལས། །ཕུལ་བྱུང་དོན་གཉིས་ལྷུན་གྱིས་གྲུབ་པའི་བརྩེ་ཆེན་གྱིས། །

འགྲོ་ཀུན་མ་རིག་བློ་མུན་སེལ་མཛད་སྟོན་མཆོག་དེས། །མི་སྣང་འབྱིན་མཛད་ཐུབ་པའི་དབང་པོར་དང་བས་འདུད། །

 

དྲང་ངེས་ཤེས་བྱའི་གནས་ཀུན་མ་ལུས་པ། །འགག་མེད་སྣང་འཆར་མཚན་དཔེར་རབ་རྫོགས་པ། །

གུར་གུམ་མདངས་ལྡན་རྣམ་འདྲེན་ཀུན་གྱི་ཡབ། །བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན་དེར་འདུད། །

 

ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །ལྷུན་གྲུབ་འོད་ལྔའི་དྭངས་མ་རིགས་ལྔའི་གཙོ། །

གང་འདུལ་ཐུགས་རྗེ་དེར་སྣང་རིགས་བརྒྱའི་གར། །དབྱེར་མེད་གཅིག་འདུས་རྡོ་རྗེ་འཆང་ལ་འདུད། །

 

ཐེག་དགུའི་གསར་རྙིང་དོན་སྟོན་བླ་མའི་ཚོགས། །ཞི་དང་ཁྲོ་བོ་རོལ་གར་ཡི་དམ་ལྷ། །

ཕྱི་ནང་བར་ཆད་ཀུན་སེལ་མཁའ་འགྲོའི་སྡེ། །རྩ་གསུམ་ཀུན་འདུས་པདྨ་ཀ་རར་འདུད། །

 

རྒྱ་བོད་བཞུགས་དང་འབྱོན་འགྱུར་མཁས་པའི་ཚོགས། །རིག་གནས་སྤྱི་དང་ཁྱད་པར་ངེས་དོན་ཆེ། །

མ་འོངས་འགྲོ་ལ་སྟོན་མཛད་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མ་མ་ལུས་འགྲོ་བའི་སྐྱབས། །

སྣ་ཚོགས་ངོ་མཚར་མཁའ་འགྲོའི་ཕུག་པ་ཡི། །སྣ་ཚོགས་ཀུན་མཁྱེན་རྒྱལ་དབང་པད་འབྱུང་གིས། །

སྣ་ཚོགས་མཛད་བཟང་སྣང་བརྙན་བྱིན་རླབས་ཅན། །སྣ་ཚོགས་སེམས་ཅན་དེད་དཔོན་གང་དེར་འདུད། །

 

གང་དེར་ནགས་སྟོད་མེ་མོ་བྲག་དཀར་གྱི། །བཞུགས་བྱང་མདོར་བསྡུས་དཀར་ཆག་འགྲོ་ཀུན་རྣམས། །

འདྲེན་བྱེད་ངོ་མཚར་འཕྲུལ་གྱི་ཤིང་རྟ་ཆེ། །འགོད་ལ་རྩ་གསུམ་རྒྱ་མཚོས་བཀའ་གནང་སྩོལ། །

ཅེས་པའི་ཚིག་གིས་སྔུན་བསུས་ཏེ། དེ་ཡང་རྒྱལ་བ་དོན་ཀུན་གྲུབ་པ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་མཁའ་ཁྱབ་སྲིད་མཐའི་བར་དུ་ཁྱབ་ཅིང་རྒྱས་པར་མཛད་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོར་མཛད། དེའི་རྗེས་རྒྱལ་སྲས་བྱམས་པ་དང༌། རྗེ་བཙུན་འཇམ་དབྱངས། ཐོགས་མེད། ཀླུ་སྒྲུབ་སོགས་ནས་རིམ་པར་བརྒྱུད་པ་ཤིང་རྟ་གཉིས་ཀྱི་སྲོལ་ལམ་བྱུང་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཆེས་ཆེར་གསལ་བར་མཛད་དེ། རྒྱ་བོད་པཎ་གྲུབ་རྣམས་དང༌། ཁྱད་པར་དུ་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་དེ་ཉིད་ནི། མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་དུས། །པདྨ་ཅན་དུ་ང་ཉིད་འབྱུང༌། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །ཅེས་དང༌།

ཡང་མདོ་དེ་ཉིད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་པ་ན། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །འོ་མ་ཅན་གྱི་མཚོ་དཀྱིལ་དུ། །མདངས་ལྡན་པདྨའི་སྡོང་པོའི་རྩེར། །ང་ལས་ལྷག་པའི་སྐྱེས་བུ་འབྱུང༌། །ཞེས་གསུངས་པ་དང༌། མཚན་བརྗོད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་དང༌།

བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ལས། མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ། །ད་ལྟ་ང་དང་ཚུལ་མཐུན་པ། །མ་འོངས་བསྟན་པའི་བདག་པོ་བྱེད། །ཅེས་སོགས་མདོ་རྒྱུད་དུ་མ་ནས་ལུང་གིས་ཟིན་པ་དེ་ཉིད་ཀྱིས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། སྐལ་ལྡན་གདུལ་བྱ་ཡོངས་ལ་མཛད་པ་བསམ་གྱིས་མི་ཁྱབ་པར་བསྟན་ཏོ། །

ཁྱད་པར་དུ་བོད་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་གདོང་དམར་སྲིན་པོའི་ཡུལ་དེར། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པར་བྱ་བའི་ཆེད་དུ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཞེངས་པ་དང༌། རྒྱ་བོད་པཎ་གྲུབ་མང་པོ་སྤྱན་དྲངས་ནས། ལྷག་ཏུ་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས། རྟེན་དང་བརྟེན་པ་གསར་བཞེངས་དང་རབ་གནས་མངའ་གསོལ་རྣམས་གྲུབ་པར་མཛད་ཅིང༌། བོད་འབངས་རྣམས་ཆོས་ལ་བཀོད། ལས་ཅན་རྣམས་ཀྱི་སྣང་ངོར་ལོ་བརྒྱ་དང་དྲུག་ཅུ་བཞུགས་སོ། །

སྒྲུབ་གནས་རི་བྲག་མང་པོ་བྱིན་གྱིས་བརླབས་པའི་ནང་ཚན་ལ། པདྨ་བཀའ་ཐང་ལས། མཁའ་འགྲོ་ཕུག་པར་ཟླ་བ་བཞི༔ ཞེས་གསུངས་པ་བཞིན་མཉམ་མེད་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཟླ་བ་བཞིར་བཞུགས་པའི་གནས་ཆེན། མ་གཅིག་སྒྲོལ་མའི་སྤྲུལ་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་དེ་ཉིད་ཚེ་དཔག་མེད་འཆི་མེད་ལྕགས་གདོང་སྒྲུབ་པའི་གནས་མཆོག་ཁྱད་པར་ཅན་དང༌།

སྔོན་སངས་རྒྱས་བཅོམ་ལྡན་འདས་མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པའི་སྐབས་ཤྭ་བའི་རྒྱལ་པོ་གསེར་གྱི་སྤུ་ཅན་ལ་སྐྱེ་བ་བླངས་ཏེ་བཞུགས་པའི་དུས་སུ་རི་དྭགས་ཀྱི་ལུས་ལ་བྱང་ཆུབ་ཀྱི་སེམས་ཡོད་པ། དེའི་དབུ་རྭ་མང་པོ་ལྷ་དང༌ལྷ་མོ་མང་པོས་དགའ་ལྡན་དུ་གདན་དྲངས་ཤིང༌། དབུ་རྭ་གཅིག་མ་འོངས་པའི་རྟེན་དུ་བཞུགས་པའི་གནས་དང༌།

དེ་ལྟར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་རྣམས་ཏིལ་གྱི་གང་བུ་ལྟར་བགྲང་ལས་འདས་པ་བཞུགས་པའི་གནས་ཡིན་ལ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྐུ་ཚབ་དང༌། གཏེར་གྱི་བཞུགས་གནས་ཆེན་པོར། དད་ལྡན་གྱི་ཚོགས་གཉིས་གསོག་ས། སྐལ་ལྡན་གྱི་ལམ་སྣ་ཟིན་ས་ཡིན་པས་ན། པདྨ་བཀའ་ཐང་ལས། ངོ་མཚར་རོང་དུ་གཏེར་ཕྲན་སྣ་ཚོགས་སྦས༔ ཞེས་གསུངས་པ་བཞིན་སྒྲུབ་གནས་དང༌། གཏེར་གནས་བྱིན་གྱིས་བརླབས་པའི་གནས་ཆེན་ངོ་མཚར་ཅན་མཐོང་བ་ཙམ་གྱིས་གྲོལ་བ་དང༌། ཐོས་པ་ཙམ་གྱིས་བྱང་ཆུབ་ཐོབ་པ་སོགས་གསུངས་པའི་ཕྱིར། དེ་འཛིན་པ་ནི། ཇི་སྐད་དུ། བསྐལ་པ་སྟོང་གི་སངས་རྒྱས་ཀྱང༌། །བླ་མ་དག་ལ་བརྟེན་ནས་འབྱུང༌། །བླ་མ་མེད་ན་སྲིད་ཐར་མེད། །ཅེས་དང༌། ཆུ་ཀླུང་སྣ་ཚོགས་པའི་མདོ་ལས། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །ཞེས་གསུངས། དོན་དུ་སེམས་ཅན་གྱི་དོན་བྱེད་སྤྲུལ་པའི་སྐུ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཤ་སྟག་ཡིན་པར་གསུངས།

འོན་ཀྱང་སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་འབྲོང་ངུར་པ་ཆེན་པོ་འདི་ཉིད་ནི། སྔོན་དུས་ཆོས་སྐུ་ཀུན་བཟང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་བྲག་དམར་ཁྱུང་ཚང་དུ་ཁྱུང་ནག་ཚ་ཚ་ཞེས་བྱ་བའི་ཁྱུང་ཞིག་ལ། སྒོ་ང་ལྔ་བརྡོལ་བ་ལས་ཁྱུང་པོ་བ་རིགས་ལྔ་བྱུང་བ་ལས། གཅིག་སྟེང་ལྷ་ཡུལ་དུ་གཤེགས། གཅིག་འོག་ཀླུ་ཡུལ་དུ་གཤེགས། གསུམ་བར་མི་ཡུལ་དུ་འགྲོ་དོན་མཛད་པ། རྗེ་གངས་པའི་གདུང་དང༌། ཡང་སྒོམ་གདུང༌། སྟོད་ཁྱུང་གདུང་རྒྱུད་ཐོས་པ་དགའ་སོགས་འོད་གསལ་ལྷ་ལས་བབས་པའི་གདུང་རྒྱུད་ཅེས་པའོ། །

འགྲོ་མགོན་བྱང་ཕྱོགས་སུ་བྱོན་ཚུལ། འགྲོ་མགོན་ཆོས་རྗེ་གངས་པ་དེ་ཉིད་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་སྒྲིབ་པ་སྦྱངས་ནས་བྱང་ཆུབ་སྙིང་པོ་ལ་ཞུགས་པ་དེ་ཉིད། ཁྱབ་བདག་རྡོ་རྗེ་འཆང༌། ཏེ་ལོ། ན་རོ། མར་པ། མི་ལ། སྒམ་པོ། ཀརྨ་དུས་གསུམ་མཁྱེན་པ་ནས་བཀའ་བབས་རྣམས་ཀྱི་བརྒྱུད་པ་ཡོངས་རྫོགས་འགྲོ་མགོན་ཆོས་རྗེ་གངས་པ་ལ་དབང་ལུང་མན་ངག་དང་བཅས་པ་གནང་ཞིང༌། སྙེ་མོ་བྲག་ལ་སྒོམས་ཤིག་གསུངས་ནས། སྒོམ་རྟགས་རྩ་རླུང་དྲོད་རྟགས་དང༌། ཡི་དམ་བདེ་མཆོག་དང༌། ཕག་མོ་ལ་སོགས་ཀྱི་ཞལ་ཡང་ཡང་གཟིགས་པ་དང༌། སྣང་སྲིད་འཁོར་འདས་མེ་ལོང་ལྟར་མཁྱེན་པ། ཆོས་ཐམས་ཅད་ནམ་མཁའ་ལྟར་གསལ་སྟོང་རྗེན་ནེ་བ་ཐུགས་སུ་ཆུད་པ་དང༌། སྐུ་བེར་ཉི་ཟེར་ལ་བཀལ་བ་སོགས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་རེ་དང་བཅས་བཞུགས་པའི་ཚེ། དུས་ཤིག་ན་འབྲོང་ཞིག་གིས་སྒྲུབ་ཁང་གི་སྒོ་བརྡུངས་པས། གཟིགས་ཙ་ན། འབྲོང་གཞན་ལས་ཁྱད་དུ་འཕགས་པ་ཞིག་འདུག་པ་དེས་ལྕི་བ་ཞིག་བཏང་ནས་ཁ་ལྷོ་ནུབ་ཏུ་གཏད་དེ་ཕྱིན་པས། འབྲོང་དེའི་རྗེས་སུ་ཕེབས་པས་ལྷོ་ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོ་ཐུག་པས་རས་གཟན་གྲུ་ཡི་ཚུལ་དུ་མཛད་ནས་ཆུ་དེ་བརྒལ་བ་དང༌། ཕོ་བྲང་ཆེན་པོ་བཀོད་པ་ཁྱད་པར་འཕགས་པའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བའི་ཕོ་བྲང་དབུས་སུ་ཕོ་བྲང་སུམ་བརྩེགས་ལ། འོག་མ་ལ་པདྨ་ཐོད་འཕྲེང་རྩལ་ཡི་དམ་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་བ། ཕོ་བྲང་བར་པ་ལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེ་ལ་མཁའ་འགྲོ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང༌། ཁྱད་པར་དཔལ་ལྡན་དུས་གསུམ་མཁྱེན་པ་དེ་ཉིད་པཎ་གྲུབ་ཀྱི་ཆ་ལུགས་མཛད་ནས་བཞུགས་པ། ཨོ་རྒྱན་ཆེན་པོ་དེ་མངོན་སུམ་མཇལ་ནས་ཕུར་པ་མཆོང་ཆེན་མཆོང་ཆུང་ཡང་ཕུར་གོང་ཕུག་མ་དང་བཅས་ཨོ་རྒྱན་ཉིད་ཀྱི་མགུལ་ཕུར་དང་བཅས་པ་གནང་ནས། ཁྱེད་བྱང་ཕྱོགས་སུ་གཡས་སུ་གསོན་པོར་རི་ལ་བརྟེན་ནས་གསོན་ཁྲག་ཁྱིམ་ལ་འདེབས་པའི་ཡུལ། ཕུ་ཡངས་པ་སླ་ང་འདྲ་བ། མདའ་དོག་པ་ཤན་མཆུ་འདྲ་བ། ཕྱོགས་བཅུའི་རི་ལ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན་ཡོད་པར། གནམ་ས་ཆོས་འབྱུང་ཁ་སྤྲོད། འཕྲིན་ལས་ཕུར་པ་སྒྲུབ་པའི་ས་དེར་སོང་ལ་བྱང་མེ་མོ་བྲག་གི་གནས་བདག་གྱིས། འགྲོ་བའི་དོན་རྒྱ་ཆེན་པོ་གྱིས་ཤིག་ཅེས་གསུངས་ནས་ལུང་བསྟན་ཏོ། །དེ་ནས་འོ་ལེགས་སོ་ཞུས་ནས་ཚོགས་མཆོད་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བས་འདི་ནས་ཚེ་འཕོས་མ་ཐག་ཏུ་ཁྱེད་ཀྱི་དྲུང་དུ་མཇལ་བར་ཤོག་ཅེས་སྨོན་ལམ་རྒྱ་ཆེར་བཏབ་ནས་ཕྱིར་ལོག་གོ །

དེ་ནས་ཆོས་རྗེ་དེ་ཉིད་བྱང་ཕྱོགས་སུ་བྱོན་ནས་སོག་ཤོད་དང༌། ཤག་ཆུའི་རྒྱུད་དུ་གདུལ་བྱ་དང་མཛད་འཕྲིན་ཡོད་པར་མཁྱེན་ནས། ས་སྤྲེལ་ལོའི་ཟླ་བ་བདུན་པའི་ཚེས་བཅོ་ལྔ་མེ་མོ་བྲག་དཀར་དུ་ཕེབས་ཤིང༌། གནས་བདག་སྟག་རིས་ཅན་ཞེས་ལུང་བསྟན་བཞིན། བསྐོར་ལམ་དུ་ཕ་བོང་དཀར་པོའི་མདུན་ཚོགས་ཕུལ་བར། ཚོགས་རྫས་མཾ་ས་བྱི་ལས་ཁྱེར་ནས་ཆོས་རྗེ་ཉིད་ཀྱི་ཕྱག་ཕྲེང་དོར་བ་མ་ཚད། ཕྱག་ཞབས་འདོར་བའི་རྗེས་རྣམས་ཁྲ་ལམ་མེར་བཞག་པ་ནི་གནས་སྲུང་དགེ་བསྙེན་གྱི་ཉམས་སད་ཀྱི་ཆེད་དུ་འོ། །དེ་ནས་རྗེ་ཉིད་ཕུག་པ་རུ་བྱོན་དུས་གནས་བདག་དགེ་བསྙེན་གསེར་མདོག་ཅན་གཙོ་འཁོར་བདུན་གྱིས་བསུ་བར་ཕེབས་ཚེ། རྩ་གསུམ་དམ་ཅན་རྒྱ་མཚོ་ཐམས་ཅད་མངོན་སུམ་དུ་ཞལ་གཟིགས་པ་དང༌། མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གདུགས་ལ་སོགས་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས། ཡང་ཞིག་ན་དེ་རུ་རྟོགས་ལྡན་རིག་འཛིན་གྲགས་ཡིན་ཟེར་བ་དེས་ཁྱོད་སུ་ཡིན་ཞེས་དྲིས་པས། ཆོས་རྗེ་ཉིད་ནས། ང་འོད་གསལ་ལྷ་བབས་ཀྱི་གདུང༌། བྱང་མེ་མོའི་གནས་བདག་འགྲོ་མགོན་ཆོས་རྗེ་ཟེར་བ་དེ་ཡིན་ཞེས་གསུངས། རྟོགས་ལྡན་ན་རེ། གནས་འདིའི་བདག་པོ་ང་ཡིན་ཟེར། འོ་ན། ངེད་གཉིས་ཕུག་པ་འགྲིམ་ཟེར་བས། ཁོ་བོ་ཞུན་མར་དཔལ་འབར་མང་པོ་གསལ་ནས་ཕྱིན་པ་དང༌། རྗེ་ཉིད་གངས་ཏི་སིར་རང་བྱོན་ཤེལ་དང་ཆབ་རོམ་སྦྲགས་པ་ཞིག་གིས་གསལ་བའི་ཚུལ་དུ་མཛད་ནས་ཕེབས། ཡང་དུས་ཤིག་ན་རྗེ་ཉིད་ཀྱི་རས་གཟན་འཁྲི་བའི་རླུང་ལྟ་བུ་ཞིག་གིས་རྟོགས་ལྡན་ཞུན་མེ་བདའ་བས་ཁོ་ཕ་བོང་ལ་འཁྲི་ནས་ཕྱིར་ལོག་མ་ཐུབ་པར་ཚེའི་དུས་བྱས་སོ། །ཆོས་རྗེ་ས་འོག་ཏུ་ཕེབས་ནས་འབྲི་ལུང་བརྒྱུད་ཤག་ཆུའི་གཞུང༌། ལུང་གིས་ཟིན་པའི་ས་གླང་པོ་འདྲ་བའི་སྣ་ནས་ཕེབས་ཏེ་ཞབས་རྗེས་དང་བཅས་ཏེ། ཝ་ཐང་སུམ་མདོར་འབྲོང་ངུར་ཆོས་རྗེའི་མཚན་དུ་གྲགས་པ་བཞུགས་པའི་གནས་ཡིན་ནོ། །

ཆོས་རྗེ་དེ་ཉིད་ཀྱིས་འཛིན་པའི་གནས་ཆེན་མེ་མོ་བྲག་དཀར་བཞུགས་ཚུལ་མདོར་བསྡུས་ལས། ནགས་སྟོད་མེ་མོ་བྲག་དཀར་ནི། །ཐང་ཆེན་གསུམ་གྱི་དབུས་ན་བཞུགས། །རི་ཆེན་གསུམ་གྱིས་མཐའ་ནས་བརྟེན། །ལ་ཆེན་གསུམ་གྱི་རྒྱབ་ན་བཞུགས། །མཚོ་ཆེན་བཞི་ཡིས་ཡོན་ཆབ་ཕུལ། །རི་ཁྱད་པར་བསིལ་གྲིབ་ནགས་ཀྱི་གནས། །སྐལ་མེད་སྐལ་བ་ལེན་ས་ཡིན། །སྐལ་ཡོད་བསོད་ནམས་གསོག་ས་ཡིན། །སྡིག་པའི་གདར་ཤ་གཅོད་ས་ཡིན། །མི་དགེའི་ས་བོན་བསྲེགས་ས་ཡིན། །གནས་དེ་དྲན་པས་བྱང་ཆུབ་ཐོབ། །ཐོས་པ་ཙམ་གྱིས་སྒྲིབ་པ་དག །རིན་ཆེན་གསེར་གྱི་ས་གཞི་ཆགས། །སྟོད་ལ་བ་གམ་ལྔ་ལྔ་ཡོད། །བར་ལ་ལེ་ཚན་ལྔ་ལྔ་ཡོད། །འོག་ལ་གློ་འབུར་ལྔ་ལྔ་ཡོད། །ཟུར་ལ་ཟུར་བཞི་ལོགས་བརྒྱད་ཡོད། །ཕྱོགས་བཞིར་རྒྱལ་ཆེན་རིགས་བཞིར་བཞེངས། །སྟོད་ཀྱི་བ་གམ་ལྔ་ལྔ་ལ། །རང་བྱོན་རྡོ་རྗེ་འཆང་ཆེན་དང༌། །ཀླུ་སྒྲུབ་དྲིལ་བུ་ཛ་ལེན་དྷར། །ནཱ་རོ་ཀ་ཌ་རི་པ་དང༌། །རྡོ་རྗེ་གདན་པ་འཇིགས་མེད་འབྱུང༌། །རྩ་ལི་སྒ་ལོ་ཕག་གྲུ་པ། །དུས་མཁྱེན་ཆོས་རྗེ་གངས་པ་སོགས། །དངོས་བརྒྱུད་རྩ་བའི་བླ་མ་བཞུགས། །བར་གྱི་ལེ་ཚན་ལྔ་ལྔ་ལ། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཞུགས། །ཁྲག་འཐུང་ཁྲོ་བོ་ལྷ་ཚོགས་བཞུགས། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་བཞུགས། །འོག་གི་གློ་འབུར་ལྔ་ལྔ་ལ། །ཨིནྡྲ་བོ་དྷི་ཕྱག་དྲུག་པ། །བེང་འཛིན་མ་ནིང་ཏྲག་ཤད་སོགས། །ཕོ་རྒྱུད་དཔལ་མགོན་ལྷ་ཚོགས་བཞུགས། །ལྷ་མོ་མུ་ཁ་ལེ་ལ་སོགས། །མོ་རྒྱུད་མཁའ་འགྲོའི་ལྷ་ཚོགས་བཞུགས། །རི་བོ་དེ་ལས་འབབ་པ་ཡི། །ཆུ་བོ་ཡན་ལག་བརྒྱད་ལྡན་བཞི། །མི་འབབ་པ་ཡི་ཆུ་བོ་བཞི། །བརྩེགས་པའི་ཁྲི་ཆེན་བརྟན་པོ་བཞི། །མ་བརྩེགས་པ་ཡི་ཁྲི་ཆེན་བཞི། །རི་ལ་བརྟེན་པའི་ལ་ཆེན་བཞི། །མ་བརྟེན་པ་ཡི་ལ་ཆེན་བཞི། །བཞུགས་གནས་ཕུག་པའི་ཕུག་པ་བཞི། །མ་བཞུགས་པ་ཡི་ཕུག་པ་བཞི། །དབང་ཆེན་རྒྱུན་གྱི་ཆུ་བོ་བཞི། །ཕྱོགས་བཞི་དོག་པའི་རོང་ཆེན་བཞི། །ལོག་བཞི་འགྲིམ་པའི་འཕྲང་ཆེན་བཞི། །ཤར་ཕྱོགས་ཞི་བའི་ཕུག་དཀར་ན། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་བཞུགས། །རོང་ཆེན་ཁ་བ་དཀར་པོ་ཡི། །ཆུ་བོ་དཀར་པོ་འབབ་པ་དེ། །འཐུང་དང་ཁྲུས་བྱས་ནད་གདོན་ཞི། །སྐུ་ཡི་དབང་ཐོབ་ལུས་སྒྲིབ་དག །ལྷོ་ཕྱོགས་རྒྱས་པའི་ཕུག་སེར་ལ། །འཁོར་ལོ་སྡོམ་པའི་ལྷ་ཚོགས་བཞུགས། །གནས་ཆེན་གངས་དཀར་ཏི་སེ་ཡི། །མ་ཕམ་ཆུ་བོ་སེར་པོ་འབབ། །འཐུང་དང་ཁྲུས་བྱས་ཚེ་བསོད་རྒྱས། །ཐུགས་ཀྱི་དབང་ཐོབ་ཡིད་སྒྲིབ་དག །ནུབ་ཕྱོགས་དབང་གི་ཕུག་དམར་ལ། །དགྱེས་པའི་རྡོ་རྗེའི་ལྷ་ཚོགས་བཞུགས། །རྒྱ་གར་བྱ་རྒོད་སྤུངས་རི་ཡི། །ཆུ་བོ་ནེ་རཉྫ་ན་དམར། །འབབ་པ་འཐུང་ཁྲུས་ཀུན་ལ་དབང༌། །གསུང་གི་དབང་ཐོབ་ངག་སྒྲིབ་དག །བྱང་ཕྱོགས་མངོན་སྤྱོད་ཕུག་ནག་དེར། །དཔལ་ལྡན་གསང་འདུས་ལྷ་ཚོགས་བཞུགས། །འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲར། །ཆུ་བོ་དམར་ནག་རཀྟ་འབབ། །འཐུང་དང་ཁྲུས་བྱས་སྡིག་སྒྲིབ་དག །དབང་བཞི་ཐོབ་ནས་སྒྲིབ་བཞི་དག །མདུན་དུ་རྣམ་སྲས་རྟ་བརྒྱད་ཡོད། །ཤར་དུ་སངས་རྒྱས་རབ་བདུན་ཡོད། །ལྷོ་ལ་སྨན་བླ་མཆེད་བརྒྱད་ཡོད། །ནུབ་ལ་ཚེ་དཔག་རིགས་ལྔ་ཡོད། །བྱང་ཕྱོགས་སངས་རྒྱས་སྟོང་རྩ་ཡོད། ཕུག་པའི་སྒོ་ཡི་གཡས་གཡོན་དུ། །གཡས་སུ་དགེ་བསྙེན་བ་དན་ཅན། །གཡོན་དུ་ནོར་བུ་འཛིན་པ་ཡོད། །དེ་གཉིས་གནས་ཀྱི་སྒོ་སྲུང་ཡིན། །མཁའ་འགྲོའི་ཕུག་པའི་ནང་རོལ་དུ། །སྣ་ཚོགས་དར་གྱི་འཕན་གདུགས་ཡོད། །ནང་སྒོ་སྲུང་བའི་དུང་སེང་ཡོད། །མཁའ་འགྲོ་ཕུག་པའི་ཡང་གསང་ཕུག །གུ་རུ་བཞུགས་པའི་ཕོ་བྲང་དུ། །རང་བྱོན་གུ་རུ་གཙོ་འཁོར་གསུམ། །འཁོར་དུ་གུ་རུ་མཚན་བརྒྱད་ཡོད། །ཤེལ་གྱི་ཀ་བ་སྣ་ཚོགས་ཡོད། །ཤེལ་གྱི་བླ་བྲེ་འཕན་གདུགས་ཡོད། །མ་ཊཾ་ལྤགས་པའི་ཞ་ལ་ཡོད། །སྒོ་ཡི་ལམ་ཟུར་གཡས་གཡོན་དུ། །ལྷ་ལྕམ་དང་ནི་མཚོ་རྒྱལ་བཞུགས། །ཚུལ་ཁྲིམས་སྤོས་ངད་རྒྱུན་མི་ཆད། །དེ་ཡི་གཡོན་ཕྱོགས་ཕར་ལམ་ན། །ལྷ་རྟ་རྐྱང་བུའི་ཞབས་རྗེས་ཡོད། །དེ་ཡི་ཉེ་བྲག་དེ་ཉིད་ལ། །སྲིན་པོ་མ་ཊམ་རུ་ཏྲ་ཡི། །གློ་གྲོད་མཆིན་གསུམ་བྲག་ལྡེབས་ཡོད། །གཤིན་རྗེ་ཕོ་གདོང་མོ་གདོང་ཡོད། །མོ་གདོང་ནམ་མཁའི་ལྡིང་ཐད་དུ། །གེ་སར་སྐྱེས་བུའི་གོ་ཁྲབ་ཡོད། །འབྲུག་མོའི་སྐྲ་འཐེན་རྣམ་གཉིས་བཞུགས། །དེའི་ཐད་གདོང་དར་དེ་ཐོག་ཏུ། །ཤི་གསོན་བྱེ་མའི་ལ་རྫས་ཡོད། །གནམ་ལ་ཤེལ་གྱི་བླ་བྲེ་ཡོད། །དེ་ཡི་གཡོན་ཕྱོགས་ཕུག་པའི་ནང༌། །རྒྱ་གར་ས་སྣ་རྡོ་སྣ་ལས། །གྲུབ་པའི་རྡོ་སྐུ་རང་བྱོན་དང༌། །དད་ལྡན་བྱེ་མ་སྣ་ལྔ་དང༌། །འཛམ་བུའི་ཆུ་བོ་གསེར་རྣམས་ཡོད། །ལ་ཐོག་དཔའ་བརྟུལ་སུམ་ཅུ་ཡོད། །ཐུར་བབ་ཕ་བོང་དཀར་པོའི་སྟེང༌། །པདྨ་སམྦྷའི་རབ་གནས་ས། །རྡོ་ཡི་བྱིའུ་རང་བྱོན་ཡོད། །དེ་སྟེང་ཤེལ་ཕུག་ཉི་མ་རྫོང༌། །གྲུབ་ཐོབ་བརྒྱུད་ཅུའི་ཕོ་བྲང་ཡོད། །ཤེལ་གྱི་ཀ་བ་རང་བྱོན་ཡོད། །དེ་ལ་ཁབ་མཚོན་ཕུལ་བ་ན། །མཚོན་གྱི་བསྐལ་པ་དག་ལས་ཐར། །དེ་ཡི་ནམ་མཁའ་ལྡིང་དག་ཏུ། །ཚེ་བདག་གཤིན་རྗེའི་དཀྱིལ་འཁོར་ཡོད། །དེ་ཡི་གཡོན་གྱི་མཁའ་ལྡིང་ལ། །འདའ་མེད་མར་མེ་གསུམ་གསལ་ཡོད། །དེ་ཡི་གཡོན་ཕྱོགས་བྲག་ཕུག་ནང༌། །གྲུབ་ཐོབ་ཤ་ཝ་རི་པ་ཡི། །ལྕམ་སྲིང་ཨ་ཙར་ར་གཅིག་མས། །སྤྲུལ་པ་གནས་ཡིག་རུས་ལྤགས་དང༌། །རབ་གནས་བརྒྱ་རྩའི་འོག་བཞུགས་པའི། །བྱི་ངར་དགེ་བའི་ནང་བཞུགས་མདའ། །ཨོ་རྒྱན་པདྨའི་ཕྱག་མདའ་ཡོད། །དེ་ཡི་སྟེང་གི་ནམ་མཁའ་ལ། །ཨ་སྟག་ཀླུ་མོ་ནམ་ར་ཡི། །མདུན་དུ་བྱང་གཡག་ལ་སྤྲུལ་པའི། །ཕྱག་མདའ་གནང་བའི་མགོ་རྔ་རྗེས། །ནམ་མཁའི་ལྡིང་ལ་གསལ་བ་ཡོད། །དྲང་སྲོང་ཕུག་པ་ཞེས་པའི་ནང༌། །དྲང་སྲོང་མ་དཱ་རའི་སྐུ་རྗེས། །གཟུགས་དང་ཕྱག་འཁར་བཅས་པ་ཡོད། །དེ་ནས་དཔག་ཚད་བརྒྱ་འདས་ནས། །ཅུང་ཞིག་དམན་པའི་འོག་རོལ་དུ། །ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། །ཉེ་འཁོར་བ་དང་བསྡུས་འཇོམས་དང༌། །མནར་མེད་དམྱལ་ཁམས་བཅོ་བརྒྱད་བཞུགས། །དེའི་གཡུང་དྲུང་ཕུག་པའི་ནང༌། །བཻཌཱུརྱ་ཡི་ལྷུང་བཟེད་དང༌། །འཕགས་པའི་གནས་བརྟན་བཅུ་དྲུག་དང༌། །རྒྱལ་བཞི་བྲག་ལྡེབས་རང་བྱོན་ཡོད། །གཡོན་ཕྱོགས་བྲག་གི་ལྡེབས་དེ་རུ། །གེ་སར་རྒྱལ་པོའི་ཕྱག་མདའ་ནི། །མཐོ་གང་ས་རྩམ་བྲག་འདས་ཡོད། །རྒྱ་གར་ཡུལ་ནས་སྤྱན་དྲངས་པའི། །མཁའ་འགྲོ་འབུམ་གྱི་ཚོགས་གཞོང་ཡོད། །མཁའ་འགྲོ་འབུམ་ཕྲག་བྱེ་བས་བསྐོར། །མི་རྐང་གླིང་བུ་རང་བྱོན་ཡོད། །སྟེང་ལ་མེ་ཏོག་དཀར་པོའི་གུར། །དེ་ནས་ཡང་གསང་ཕུག་པའི་ནང༌། །རྐྱང་བུའི་རྗེས་དང་ཉེ་བའི་ཕུག །ནོར་སྒྲུབ་གཏེར་གྱི་ཕུག་པ་བཅས། །གསང་བདག་རྣམ་སྲས་རྟ་བདག་བརྒྱད། །ཛམ་ལྷ་རིགས་ལྔ་གཡང་ཕུག་བཅས། །རང་བྱོན་བྲག་གི་ལྡེབས་སུ་ཡོད། །དེ་ནས་ཚེ་སྒྲུབ་ཕུག་པའི་ནང༌། །མགོན་པོ་ཚེ་དཔག་མེད་པ་དང༌། །ཚེ་བུམ་མདའ་དར་རང་བྱོན་ཡོད། །དེ་ནས་མཚོ་རྒྱལ་ཕུག་པའི་ནང༌། །མ་གཅིག་མཁར་ཆེན་མཚོ་རྒྱལ་མས། །ཚེ་ལྷ་འཆི་མེད་ལྕགས་གདོང་གྲུབ། །བཅོམ་ལྡན་ཚེ་ལྷ་རིགས་ལྔ་དང༌། །ཚེ་འགུགས་ལྷ་མོ་བརྒྱད་ལ་སོགས། །ཚེ་བུམ་ཀཱ་པ་ལ་རྣམས་ཡོད། །དེའི་ཕྱི་ཕུག་པ་སྒོ་ཁེབས་སུ། །གངས་དཀར་ཏི་སེ་རང་བྱོན་ཡོད། །མདོ་རུ་མ་ཕམ་ཆབ་རོམ་ཡོད། །དེ་ཡི་ཆུ་དེ་སུས་བླངས་པ། །འཐུང་དང་ཁྲུས་བྱས་སྡིག་སྒྲིབ་དག །ཕྱི་ཡི་བར་ལམ་སྐོར་ལམ་ཐད། །བྲག་སྒོ་ལྷོ་རུ་བསྟན་པའི་ནང་། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །སྐྱེ་བ་ལྔ་བརྒྱ་བཞེས་པའི་སྐབས། །ཤྭ་བའི་ལུས་སུ་བཞེས་པ་ཡི། །དབུ་རྭ་མཆེད་གསུམ་བྲག་ལྡེབས་ཡོད། །དེ་ཡི་སྟེང་གི་ནམ་མཁའ་ལ། །ཁ་སར་པ་ཎིའི་རང་བྱོན་ཡོད། །ནུབ་ཕྱོགས་སྟག་ཤམ་རོང་ཕུག་པ། །ཕུག་སྒོ་ཤར་ལ་བསྟན་པའི་ནང༌། །ཙན་དན་དཀར་དམར་ལས་གྲུབ་པ། །བཀའ་འགྱུར་བསྟན་འགྱུར་ཆོས་རྣམས་བཞུགས། །ཤར་ཕྱོགས་བྲག་སྒོ་ཤ་མ་རི། །རྩེ་ལ་མི་ཟོག་གསོན་ཤུན་ཡོད། །དེ་ཡི་ཤར་ཕྱོགས་སྐར་ཁུང་འདྲ། །ནང་དུ་བདུད་རྩི་ཆོས་སྨན་གྱི། །དམ་རྫས་ཕབ་རྒྱུན་བཅས་པ་བཞུགས། །དེ་ནས་ཨོ་རྒྱན་འཕྱིང་གུར་ནང༌། །ཡང་དག་ཐུགས་ཀྱི་ལྷ་ཚོགས་བཞུགས། །མདུན་དུ་ཕྱག་འཚལ་སྒང་གི་ཐད། །བྲག་གི་ནང་ལ་བར་དོའི་འཕྲང༌། །དེ་ཡི་སྟེང་ལ་སྤྱན་རས་གཟིགས། །འགྲོ་བ་དྲུག་སྒྲོལ་རང་བྱོན་ཡོད། །བྱང་ཕྱོགས་འཁར་རྒྱུག་ལ་ཁ་ན། །སྒོ་སྲུང་སྦྲུལ་གྱི་མགོ་ཅན་ཡོད། །ཤར་ཕྱོགས་ཆུ་ཕྱར་གླང་གསེབ་ན། །རྟ་མགྲིན་ལྕགས་རལ་རང་བྱོན་ཡོད། །ནུབ་ཕྱོགས་སྤྲེལ་ཚང་རོང་གནས་སུ། །སྒོ་སྲུང་སྒྲོལ་གིང་ནག་པོ་ཡོད། །ལྷོ་ཕྱོགས་སྒྲོལ་མ་ལ་ཁའི་ཐད། །ལྷོ་ཕྱོགས་སྐྱོང་བའི་སྒོ་སྲུང་ནི། །ཀླུ་བདུད་ན་ག་རཀྵ་ཡི། །སྐུ་སྨད་སྦྲུལ་དུ་འཁྱིལ་བའི་གཟུགས། །བྲག་གི་མདུན་དུ་རང་བྱོན་ཡོད། །མཚམས་བཞི་སྐྱོང་བའི་མཁའ་འགྲོ་བཞི། །བྲག་སྒོ་བཞི་ནས་སིནྡྷུ་ར། །ནཱཀྵི་མངལ་ཁྲག་འཛག་པ་ཡོད། །ཆུ་ཕྱར་ཅན་གྱི་སྙད་པའི་འོག །འཇམ་དཔལ་དཀར་པོ་རང་བྱོན་ཡོད། །ནོར་བུ་དགའ་འཁྱིལ་ཆིབས་རྟའི་རྗེས། །ཨོ་རྒྱན་པདྨའི་ཕྱག་རྗེས་ཡོད། །གཞན་ཡང་སྐོར་ལམ་ཕྱི་ནང་བར། །འབྲུ་གསུམ་ཡིག་དྲུག་རང་བྱོན་ཡོད། །བྲག་དང་རི་ཆུ་རྩྭ་ཤིང་སོགས། །ཡུལ་ཆེན་ཉེར་བཞི་གནས་སོ་གཉིས། །དུར་ཁྲོད་བརྒྱད་ལ་སོགས་པ་ཡི། །རྒྱུ་བའི་དཔའ་བོ་མཁའ་འགྲོ་མ། །ཕྱོགས་སྐྱོང་ཞིང་སྐྱོང་གིང་ལང་ཀ །འབར་མ་སྤོར་མ་ཤུགས་འགྲོ་བཅས། །ཐམས་ཅད་ཏིལ་གྱི་གང་བུ་ལྟར། །སྤྱོད་པའི་འོད་ཟེར་དྲ་བ་འབྲེལ། །ཁྱད་པར་སྤྲེལ་ལོར་གནས་འདིར་འཕྲོས། །དེ་ཚེ་སྐོར་བ་རེ་ལ་དུང༌། །རྒྱུན་དུ་སྐོར་བ་བརྒྱད་རེ་ལ། །མ་ཎི་དུང་ཐོན་འདྲ་བ་ཡིན། །སྤྲེལ་ལོ་ཧོར་ཟླ་བདུན་པའི་ཚེས། །བཅུ་བཞི་བཅོ་ལྔ་ལ་སོགས་པ། །རྒྱུན་དུ་ཆོས་རྗེ་ཕེབས་པའི་དུས། །དེ་ལ་བསྐོར་བ་ཚོགས་བརྒྱ་བྱོས། །གསོལ་འདེབས་མཆོད་འབུལ་གལ་ཆེའོ། །

གསོལ་བ་འདེབས་པ་ནི། གནས་མཁའ་སྤྱོད་མཁའ་འགྲོ་ཕུག་པ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང༌། །གནས་སྲུང་བཅས་པར་རྩེ་གཅིག་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་དག་པར་མཛད་དུ་གསོལ། །རྐྱེན་ངན་བར་ཆད་སེལ་བར་མཛད་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་སོ། །

སྨྲས་པ། གང་ཞིག་པད་འབྱུང་བཞུགས་གནས་མེ་མོ་བྲག །སྐལ་ལྡན་ལས་ཅན་ས་དེར་འགྲོ་འདོད་ན། །དཀར་ཆག་མདོར་བསྡུས་ཤིང་རྟས་ཉེར་དྲངས་ཏེ། །འགྲོ་ཀུན་མཁའ་སྤྱོད་ཞིང་དུ་བགྲོད་གྱུར་ཅིག །དེ་ལྟར་དཀར་ཆག་མདོར་བསྡུས་འགྲོ་བ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ཡང༌། གནས་ཆེན་དེ་ཉིད་འཛིན་པའི་བདག་པོ་ཆེན་པོ། དཔལ་འབྲོང་ངུར་ཆོས་རྗེ་དགེ་བའི་དབང་པོ་ཞེས་སམ། མཚན་གཞན་ཤྲཱི་ཙཀྲ་ཀོཉ་དྷརྨ་སྦ་མི་རཏྣ་ཤུ་རུ་གྷནྜ་ཞེས་འབོད་པས་སྦྱར་བའོ། །

ཐུགས་བསྐྱེད་རྨད་བྱུང་ཀུན་བཟང་ཡངས་པའི་ངོས། །ངོ་མཚར་མཛད་འཕྲིན་སྣང་བ་འབུམ་བཀྲ་བའི། །འགྲོ་བའི་ཉི་མ་སྣང་གསལ་ཆོས་ཀྱི་རྗེ། །འབྲོང་ངུར་མཆོག་གིས་ས་གསུམ་དགེ་ལེགས་སྩོལ། །ངོ་མཚར་རྨད་བྱུང་མཁའ་འགྲོའི་ཕུག་པ་ཡི། །ངོ་མཚར་སྣང་ལྡན་བྱིན་རླབས་ཡོངས་འདུའི་ཤིང༌། །ངོ་མཚར་སོར་མོའི་ཟློས་གར་དྲི་བཞོན་གྱིས། །ངོ་མཚར་རེ་སྐོང་འགྲོ་ཀུན་འདྲེན་གྱུར་ཅིག །བཀྲ་ཤིས་བདེ་སྐྱིད་ཕྱོགས་ཀུན་རྟག་ཁྱབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །

༼ནགས་སྟོད་མེ་མོ་བྲག་དཀར་གྱི་གནས་ཡིག་འགྲོ་བ་འདྲེན་པའི་ཤིང་རྟ་ཞེས་པ་འདི་ཉིད་ཀྱི་མ་དཔེ་ངོ་མ་དེ་ལག་སོན་མ་བྱུང་བས། ༸སྐྱབས་རྗེ་རི་དབང་རིན་པོ་ཆེས་བོད་ལྗོངས་ནང་བསྟན་དུས་དེབ་ནང་བཀོད་པར་མཛད་པ་དེ་དང་། གཞན་བོད་ནས་གློག་ཀླད་སྤར་མ་དཔེ་རིང་ཞིག་བཅས་གཉིས་ལ་མ་དཔེར་བཟུང་བ་ཡིན། འོན་ཀྱང་དེ་གཉིས་ཀྱི་ནང་ཚིག་མི་མཐུན་པ་མང་ཞིང་ཆད་ལྷག་འགའ་ཡང་མཆིས་སོ་སྙམ། ང་རང་བོད་ལ་ཡོད་སྐབས་མ་དཔེ་ངོ་མ་དེ་ལན་མང་མཇལ་ཞིང་ལན་གྲངས་བརྒྱ་ཕྲག་ལས་བརྒལ་བ་བཀླགས་མྱོང་བ་མ་ཟད། མེ་མོའི་གནས་སྐོར་ལ་སྐྱོད་སྐབས་གནས་རོགས་རྣམས་ལ་འགྲེལ་བརྗོད་ཀྱང་ལན་འགའ་ཞུས་མྱོང་། དེས་ན་ད་རེས་མ་དཔེ་ངོ་མ་ལག་སོན་མ་བྱུང་བས་གོང་གསལ་མ་དཔེ་གཉིས་པོར་ཁུངས་བཅོལ་ནས་འདིར་བཀོད་པ་ཡིན་མོད། ཕྱིན་ཆད་མ་དཔེ་ངོ་མ་དེ་ཉིད་ལ་རྩ་འཛིན་གནང་རོགས་ཞུ་རྒྱུ་ཡིན། འབྲོང་ངུར་ཆོས་མཛོད་ཀྱི་བསྡུ་སྒྲིག་པ་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས།༽

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *