ངའི་སེམས་ཁོང་གི་ཉི་མ་རྗེ་མི་ལ་ཐོས་པ་དགའ་བ་ཁྱེད་མཁྱེན་ནོ།།
ངའི་སེམས་ཁོང་གི་ཉི་མ་རྗེ་མི་ལ་ཐོས་པ་དགའ་བ་ཁྱེད་མཁྱེན་ནོ།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
ངའི་ཐོས་བསམ་དོན་ལྡན་བྱིན་གྱིས་རློབས།།
དུས་དེ་རིང་སྔ་འགྱུར་སྨོན་ལམ་གྱི།།
ཉིན་མཐའ་མར་རིག་འཛིན་འདུས་པ་སོགས།།
ཚོགས་འཁོར་ལོ་རྒྱ་ཆེར་བསྐོར་བྱས་ཏེ།།
ཞག་བཅུ་པོ་མཐའ་མཇུག་ལེགས་པར་གྲུབ།།
སྔོན་དམ་པའི་ཕྱག་སྲོལ་བཟང་པོ་ལྟར།།
ངས་རྒོད་རྒོད་བྱས་ནས་ཆོ་ག་བཏོན།།
བཏོན་བཏོན་ནས་སེམས་ལ་སྐྱོ་སྣང་ཤར།།
བསྒྲིམས་བསྒྲིམས་ནས་ང་རང་ཨ་ཐང་ཆད།།
དོན་ཟབ་མོ་བསྐྱེད་རིམ་རྫོགས་རིམ་དང་།།
གནད་ཆེན་པོ་དག་པ་མཉམ་པ་སོགས།།
ལོ་ཧྲིལ་པོར་ཐོས་བསམ་བྱས་ན་ཡང་།།
དུས་དེ་རིང་བདག་ལ་ཕན་མ་ཐོགས།།
སྐྱབས་འགྲོ་དང་སེམས་བསྐྱེད་ཙམ་ལ་ཡང་།།
རླུང་ཁ་ཡི་མར་མེ་ཇི་བཞིན་དུ།།
ངའི་སེམས་འདི་སྐད་ཅིག་མི་འདུག་ན།།
བསྐྱེད་རྫོགས་ཀྱི་སྒོམ་སྒྲུབ་ལྟ་ཅི་སྨོས།།
དོན་ཆེན་པོ་སྟོང་ཉིད་འོད་གསལ་སོགས།།
ཟབ་ཟབ་མོ་ཕར་ཙམ་བཞག་བྱས་ཏེ།།
ངས་ནུས་པ་སྐྱབས་འགྲོ་སེམས་བསྐྱེད་དེ།།
ཡང་ཡང་ནས་སེམས་པའི་ཁུལ་བགྱིས་ཀྱང་།།
རིག་རིག་ཚད་རྗེས་སུ་མིག་གཉིས་ཤོར།།
གྲགས་གྲགས་ཚད་རྗེས་སུ་རྣ་གཉིས་ཤོར།།
དྲན་དྲན་ཚད་རྗེས་སུ་རྣམ་ཤེས་ཤོར།།
སེམས་རྣམ་གཡེང་ཇག་པས་གནས་མ་བཅུག།
མགོ་སྐྱབས་འགྲོ་ནས་བཟུང་བསྔོ་བའི་བར།།
ངག་ཆོ་གའི་སྒྲ་ཚིག་བསྐྱོར་ན་ཡང་།།
སེམས་རྣམ་གཡེང་གྲོང་ཁྱེར་ཁོ་ན་འགྲིམས།།
ཐོས་བསམ་པ་ང་རང་སྙིང་རེ་རྗེ།།
ཆོས་འཆད་ལ་ངལ་བར་མ་གྱུར་ཅིང་།།
ཆོས་རྩོད་ལ་དེ་ཙམ་མི་ནུས་མེད།།
ཆོས་རྩོམ་ལའང་ཐོགས་པ་མེད་གྱུར་ཀྱང་།།
ཆོས་ལག་ཏུ་ལེན་དུས་འདི་འདྲ་ཅི།།
ཆོས་ཐོས་བསམ་ཡུན་རིང་གཉེར་བྱས་ཤིང་།།
ཆོས་འཆད་རྩོད་རྩོམ་གསུམ་མང་བགྱིས་ཀྱང་།།
རང་སེམས་ལ་རང་དབང་མ་ཐོབ་འདི།།
གནད་ཅི་ཡིས་ཕོངས་ཞེས་སེམས་པ་ན།།
གཞི་རྩ་བའི་རྩ་བ་ཞི་གནས་སེམས།།
སྐད་ཅིག་ཀྱང་རང་ལ་མེད་གྱུར་ན།།
སེམས་རྣམ་གཡེང་གྲོང་ཁྱེར་ལོས་ཀྱང་འགྲིམས།།
རང་རང་ལ་སྙིང་རྗེ་ལོས་ཀྱང་སྐྱེ།།
སེམས་ཞི་གནས་ལྷག་མཐོང་ལྡན་པ་ཡིས།།
དགྲ་ཉོན་མོངས་འཇོམས་པར་ཤེས་བྱས་ནས།།
ཐོག་དང་པོར་ཞི་གནས་བཙལ་བྱ་ཞེས།།
གསུང་དེ་ལ་ངེས་ཤེས་ལྷག་པར་འཕེལ།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
རྗེ་ཁྱེད་ལྟར་རི་ཁྲོད་ཟིན་པར་ཤོག།
གནས་དགོན་བྲག་དབེན་པའི་རི་ཁྲོད་དུ།།
རྗེ་ཁྱེད་ལྟར་ཏིང་འཛིན་བསྒོམས་བྱས་ནས།།
རང་སེམས་འདི་རང་ལ་དབང་བ་ཡི།།
ཤིན་སྦྱངས་དང་ཞི་གནས་འཐོབ་པར་ཤོག།
གནས་མཆོག་རྡོར་གདན་དུ། ༢༠༡༢།༠༡།༠༢། ཉིན་བྲིས།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
སྙིང་ཆོས་ཀྱི་འཁོར་ལོར་བརྟན་པར་བཞུགས།།
རང་སེམས་ཀྱི་ཆོས་ཉིད་འོད་གསལ་མདངས།།
དུས་མི་རིང་མཇལ་བར་བྱིན་གྱིས་རློབས།།
གཞུང་ཆེན་པོར་སློབ་སྦྱོང་མང་དུ་བྱས།།
གཞུང་ཆུང་ཆུང་ཀྱང་ནི་མང་དུ་སྦྱངས།།
གཞུང་སྦྱོང་བཞིན་སྦྱོང་བཞིན་བདག་གི་སེམས།།
གཞུང་དོན་དང་མ་འདྲེས་སྔར་ལས་གྱོང་།།
རྒྱ་དཀར་པོའི་གཞུང་ལུགས་རབ་འབྱམས་དང་།།
བོད་ནག་པོའི་གཞུང་ལུགས་རབ་འབྱམས་སོགས།།
ལོ་བཅུ་ཕྲག་ཐོས་ཐོས་བསམ་བསམ་ཡང་།།
ངའི་སེམས་ལ་འགྱུར་བ་མེད་འདི་ཅི།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
བུ་ང་ཡང་ཕ་རྒན་ཁྱེད་རྗེས་སུ།།
མྱུར་འཇུག་ལ་བར་ཆད་མེད་པ་དང་།།
དོན་སྙིང་པོ་ལག་ཏུ་ལོན་པར་ཤོག།།
འབྲོང་ངུར་ཆོས་རྗེས། གནས་མཆོག་རྡོར་གདན་དུ་བྲིས། ༢༠༡༢།༠༡།༢༩
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
ཆེས་ཟང་ཟིང་འདུ་འཛི་ཆེ་བའི་ནང་།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
རླུང་འཚུབ་མའི་ཁྲོད་ཀྱི་མར་མེ་འདྲ།།
དགྲ་གཉེན་གྱི་ཡོ་ལང་མང་བའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
ཆུ་སྲིན་གྱིས་གང་བའི་མཚོ་མོའི་ནང་།།
ཆུ་རྐྱལ་ལ་སྦྱང་བ་བྱེད་དང་འདྲ།།
འཇིག་རྟེན་གྱི་བྱ་གཞག་མང་བའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
གཅན་གཟན་གྱི་དབུས་སུ་གནས་བཅས་ནས།།
བྱམས་སྙིང་རྗེའི་སྒོམ་སྒྲུབ་བྱེད་དང་འདྲ།།
དུག་གསུམ་གྱི་ཁ་རླངས་འཐིབས་པའི་ཁྲོད།།
ལས་དང་པོ་བ་ཡི་ཉམས་ལེན་དེ།།
གངས་བུ་ཡུག་འཚུབས་པའི་འཁྱག་རོམ་དུ།།
ཆུང་བྱིས་པ་དམར་རྗེན་བཞག་དང་འདྲ།།
བདག་འདྲ་བའི་དང་པོའི་ལས་ཅན་རྣམས།།
རྗེ་ཁྱེད་ཀྱི་རྣམ་ཐར་སྐྱོང་ནུས་ཤོག།
རྗེ་ཁྱེད་ལ་རྒྱུན་དུ་གསོལ་བ་འདེབས།།
སྤྲང་ཐོས་བསམ་ལམ་དུ་འགྲོ་བར་ཤོག།
འབྲོང་ངུར་ཆོས་རྗེས། སྤྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་བྲིས།
སྔ་འགྱུར་བའི་བསྟན་པའི་སྲོག་ཤིང་གཅིག།
ཀུན་མཁྱེན་བཞིའི་གཙོ་བོ་ཀློང་ཆེན་པས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
སྔ་འགྱུར་བར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
སྔ་འགྱུར་བའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
བཀའ་བརྒྱུད་པའི་བསྟན་པའི་སྲོག་ཤིང་གཅིག།
རྗེ་མི་ལ་ཐོས་པ་དགའ་བ་དེས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
བཀའ་བརྒྱུད་པར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
བཀའ་བརྒྱུད་པའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
དགེ་ལྡན་པའི་བསྟན་པའི་སྲོག་ཤིང་གཅིག།
རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས།།
ཆོས་ཉམས་ལེན་བྱེད་དུ་རི་ཁྲོད་བསྟེན།།
འུ་ཐུག་དང་ཐབས་ཟད་ག་ལ་ཡིན།།
དགེ་ལྡན་པར་ཁོང་ལས་ལྷག་པ་ཞིག།
ཡོད་སྙམ་པ་བློ་ཡི་ཟུར་ལའང་དཀའ།།
ཁོང་གིས་ཀྱང་དེ་ལྟར་གནང་གྱུར་ན།།
ཐ་མལ་པ་ང་ཚོས་ལྟ་ཅི་སྨོས།།
དེའི་ཕྱིར་ན་ཆེན་པོའི་མིང་ཅན་གྱི།།
སྤྲུལ་ཡང་སྲིད་དང་ནི་མཁན་པོ་སོགས།།
དགེ་ལྡན་པའི་རྗེས་འཇུག་གཞོན་དར་ཚོ།།
ཡིན་མདོག་མདོག་བྱེད་པ་འོས་མ་ཡིན།།
བསྟན་འདི་ལ་སྟོན་པ་གཉིས་པ་ཡི།།
མཛད་རྗེས་ཅན་ཁོང་ཅག་རྣམས་ཀྱིས་ཀྱང་།།
གནས་དབེན་པའི་རི་ནས་ཆོས་ཉིད་མཐོང་།།
གནས་དབེན་པའི་རི་ནས་རང་རྒྱུད་བཏུལ།།
ཐོག་དང་པོར་རང་རྒྱུད་བཏུལ་བྱས་ནས།།
ཆོས་རང་སེམས་དབྱེར་མེད་འདྲེས་རྗེས་སུ།།
གདོད་འགྲོ་དོན་རྒྱ་ཆེར་བསྐྱངས་པ་ཡིས།།
དོན་ངོ་མར་བསྟན་པའི་སྲོག་ཤིང་གྱུར།།
རང་རྒྱུད་འདི་མ་ཐུལ་ཇི་སྲིད་དུ།།
གཞན་རྒྱུད་དེ་ཐུལ་བ་མི་འབྱུང་བས།།
ཐོག་དང་པོར་རང་རྒྱུད་འདུལ་དགོས་ཞེས།།
རྗེ་ཟླ་འོད་གཞོན་ནུའི་རྡོ་རྗེའི་གསུང་།།
གནས་ཟང་ཟིང་འུར་འུར་རྙོག་གྲའི་ཁྲོད།།
རང་རྒྱུད་འདི་འདུལ་བ་འབྱུང་མི་འབྱུང་།།
ངེད་ཀུན་གྱིས་མངོན་སུམ་ཤེས་པའི་ཕྱིར།།
རང་མགོ་སྐོར་རང་གིས་མ་གཏོང་ཨ།།
རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།།
རྗེ་ཁྱེད་འདྲ་སྔོན་ཆད་ཤིན་ཏུ་དཀོན།།
ད་ལྟ་ཡང་ཉིན་མོའི་སྐར་མ་ཙམ།།
ཕྱིན་ཆད་ཀྱང་འབྱུང་བའི་རེ་བ་ཕྲ།།
བསྟན་འདི་ལ་ཁྱེད་འདྲ་ཤིན་ཏུ་མཁོ།།
བསྟན་འདི་ལ་ཁྱེད་འདྲ་ཤིན་ཏུ་མཁོ།།
འབྲོང་ངུར་ཆོས་རྗེས། སྤྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་བྲིས།
བསམ་ཚུལ་ཕྲིས།